དཀར་མཛེས།
རྩོམ་ཡིག་འདི་ཐེངས་ 34 བཀླགས་འདུག
དཀར་མཛེས།
གོ་འཇོ། ཡེ་ཤེས་རྒྱ་མཚོ།
དཀར་མཛེས་རྫོང་ནི་ཁམས་ཁུལ་གྱི་ཞིང་འབྲོག་མང་ཚོགས་དག་འདུས་སྡོད་བྱ་སའི་བོད་ཀྱི་རྫོང་ཆེན་པོ་ཞིག་སྟེ། འདིའི་ཤར་ལྷོའི་ཕྱོགས་སུ་ཡིད་དུ་འོང་བའི་གངས་རི་མཐོན་པོ་ཞིག་མཐོང་རྒྱུ་ཡོད་ཅིང་། དུས་བཞི་ཚང་མར་ཁ་བའི་གོས་དཀར་རེ་བཀླུབས་ནས་ཡོད་པ་ལ་བལྟས་ན་གངས་རི་འདི་ནི་སྲིད་པའི་གངས་རྒན་ཞིག་ཡིན་པ་གདོན་མི་ཟ། མི་རྣམས་ཀྱིས་བཤད་ཚོད་ལྟར་ན་རི་བོ་དེ་ནི་ཉག་སྟོད་ཁ་བ་གླིང་རི་ཞེས་པ་དེ་ཡིན་པ་འདྲ། དེས་ན་གངས་རི་འདིའི་ཉེ་འཁོར་དུ་ཁམས་ཉག་རོང་ཡོད་ལ། དེ་ཡང་དཀར་མཛེས་རྫོང་ནས་ཤར་ལྷོའི་ཕྱོགས་སུ་དཀྱོགས་ཏེ་ཕྱིན་ན། ལུང་པ་ཅུང་ཁོད་ཡངས་མོ་ཞིག་དང་ཐུག་ཡོང་ལ། དེ་ནས་རིམ་གྱིས་ཕྱིན་ན་ལུང་པ་ཇེ་དོག་ནས་ཇེ་དོག་ཏུ་འགྲོ་ཞིང་གཡས་གཡོན་དུ་རི་བོ་མང་པོ་གྲལ་ལ་བསྒྲིགས་པའི་བར་དུ་དཀར་མཛེས་ནས་རིམ་གྱིས་བཞུར་བའི་ཉག་ཆུ་སྔོན་མོ་ནི་སྐབས་རེར་ལྦུ་དཀར་གྱི་རླབས་ཕྲེང་དང་འགྲོགས་ཏེ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བཞུར་ཅིང་། མཚམས་རེར་ཆུ་རིས་ཤིག་ཤིག་གི་ངང་ནས་དལ་དལ་ལྷོད་ལྷོད་ཀྱིས་བགྲོད་ཀྱིན་ཡོད། ཉག་ཆུའི་བཞུར་རྒྱུན་དང་འགྲོགས་ཏེ་མར་མར་ཕྱིན་ན་ལམ་བར་དུ་ཉི་འོད་ཀྱིས་བརྒྱན་པའི་ཞིང་གྲོང་དང་། རྒྱ་ཕིབས་ཀྱིས་མཛེས་པའི་དགོན་པ་དག་མཇལ་རྒྱུ་ཡོད་ཅིང་། དཀར་མཛེས་ནས་བརྩིས་པའི་ལེ་དབར་བརྒྱ་ལྷག་ཕྱིན་རྗེས་ཉག་ཆུའི་གཡས་གཡོན་གཉིས་སུ་ཕྱེད་བགོས་ཀྱིས་ཆགས་པའི་ཉག་རོང་རྫོང་དུ་བསླེབ་པར་འགྱུར། ཉག་རོང་འདི་སྤྱིའི་ཆ་ནས་ས་རོང་བྲག་འགག་ཏུ་ཆགས་པ་ཞིག་རེད་འདུག་མོད། འོན་ཀྱང་། ས་བབ་དམའ་བའི་དབང་གིས་གནས་འདིར་འཚོ་བ་རོལ་མཁན་དག་གིས་གྲང་འཁྱག་གི་སྡུག་བསྔལ་དེ་ཙམ་མྱོང་མི་དགོས་པ་ཞིག་ཡིན་པར་སྣང་།
དཀར་མཛེས་རྫོང་ཆགས་སའི་ས་ཆ་ལ་སྔོན་གྱི་ལོ་རྒྱུས་དག་ཏུ་ཏྲེ་ཤོད་མཎྜལ་ཐང་ཞེས་བསྔགས་བརྗོད་གནང་འདུག་ལ། དོན་དངོས་སུའང་ས་བབ་ཡངས་ཤིང་དྲོ་གྲང་སྙོམས་པའི་ས་ཆ་ཞིག་རེད། རྫོང་འདིའི་ཉེ་འགྲམ་དུ་མཐའ་ནས་རྫ་རིས་བསྐོར་ཅིང་དཀྱིལ་དུ་ཁོད་ཡངས་པའི་ཞིང་ཐང་གིས་མཛེས་ལ། བར་བར་དུ་བཟོ་བཀོད་ལེགས་པའི་བོད་ཁང་དུ་མ་ཚོམ་དང་ཚོམ་བྱས་ཏེ་ཆགས་ཡོད་པའི་ཞིང་པའི་གྲོང་སྡེ་ཡིད་དུ་འོང་བ་མང་པོ་མཐོང་དུ་ཡོད་ལ། དབྱར་ཁ་འཆར་རིམ་བཞིན་དུ་གཞུང་ལམ་དག་གི་གཡས་གཡོན་དུ་སྐྱེས་པའི་ལྗོན་ཤིང་རྣམས་ཀྱི་ལོ་མ་སྔོ་ཐིང་ཐིང་དུ་བཞད་ཅིང་། དེ་དག་ཆར་རྗེས་ཀྱི་ཉི་འོད་དང་སྡེབ་དུས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། དེ་ཡང་རྫོང་འདིའི་གང་སར་བོད་རིགས་ཤིན་ཏུ་མང་བ་དེ་དག་ཕལ་ཆེར་ཁམས་ཕྱོགས་ཀྱི་མི་ཡིན་པ་འདྲ་ལ། ཁོ་ཚོའི་ཁ་གྲག་ལུགས་དང་། འགྲོ་འདུག་སོགས་ཀྱི་སྤྱོད་ལམ་གང་ཡིན་རུང་ཁམས་པའི་མི་ཕལ་མོ་ཆེ་ལྟར་ཅུང་ཟད་རྩུབ་ཤིག་གེ་བ་ཞིག་ཡོད་མོད། འོན་ཀྱང་། རིགས་ཞེན་དང་ཆོས་སེམས་ཆེ་བ་ནི་གཞན་གྱིས་འགྲན་དུ་མི་བཟོད་པ་ཞིག་ཡིན། གནས་འདིའི་མི་ཚོས་རང་རང་གི་ལག་གཉིས་ལ་བརྟེན་ཏེ་རང་གི་ནུས་པའི་ཚོད་ཀྱིས་འཚོ་བ་རོལ་ཏེ་ཡོང་བས། རྫོང་འདིའི་མགྲོན་ཁང་གི་སྦྱིན་བདག་གི་ནང་དུ་བོད་རིགས་མང་ཞིང་། གླ་གཏོང་གི་ཁ་ལོ་པ་རྣམས་ཀྱང་བརྒྱ་ཆའི་གོ་དགུ་བོད་རིགས་རྐྱང་རྐྱང་ཡིན་པར་ཐོས། འདི་ནས་ཡར་བརྩིས་པའི་མི་ལོ་ཉི་ཤུ་ལྷག་གི་ཡར་སྔོན་དུ་དཀར་མཛེས་སུ་ཕྱོགས་ཡར་མར་ནས་འདུས་པའི་རྐུན་མ་མང་རབས་ཀྱི་སྐད་གྲགས་ཆེ་ཞིང་། གཅིག་བཅོམ་བཞག་རབས་དང་། གཉིས་བརྡུངས་བཞག་རབས་སོགས་ཀྱི་སྐད་ཆ་གོ་རྒྱུ་ཤིན་ཏུ་མང་བས་འགྲོ་སོས་བདེ་མོ་ཞིག་གཏན་ནས་མེད་མོད། འོན་ཀྱང་། དེང་སང་ནི་རྐུན་མ་དག་ཀྱང་མཐོང་རྒྱུ་མེད་པར་གྱུར་ཟིན་པས་འགྲོ་སྟབས་འདུག་སྟབས་ཧ་ཅང་བདེ་པོར་གྱུར་འདུག
རྫོང་འདིའི་ལྷོ་ཕྱོགས་སུ་རྫ་རི་མཐོན་པོ་དུ་མ་གྲལ་ལ་བསྒྲིགས་ཡོད། དབྱར་ཁར་སྔ་མོར་ལངས་ཏེ་ལྷོ་ཕྱོགས་སུ་བལྟས་ན། རྫ་རི་དེ་དག་གི་སྐེད་པ་སྨུག་པས་དཀྲིས་ཤིང་། སྨུག་པའི་སྟེང་ནས་རྫ་རིའི་རྩེ་མོ་རྣམས་ལྷང་ངེར་མངོན་འོང་བས་ཤིན་ཏུ་རྔམ་བརྗིད་ལྡན་པ་ཞིག་རེད། དགུན་ཁར་ནི་རྫ་རི་རྔམ་བརྗིད་ལྡན་པ་དེ་དག་ཁ་བ་སྟུག་པོས་བཟུང་སྟེ་རྒྱང་རིང་ནས་བལྟས་ན་དཀར་མཛེས་རྫོང་གི་ཡུལ་ལུང་ལ་ཡིད་དུ་འོང་བའི་མཛེས་སྡུག་ཅིག་སྣོན་པར་བྱེད། གྲལ་འགྲིག་པའི་རྫ་རི་དེ་དག་གི་ཟུར་ནས་ཕར་ཕར་ཕྱིན་ན། གང་ཞིག་ནས་བབ་པ་དང་འདྲ་བའི་རྡོ་རྒན་བསེ་ཁྲོབ་བེ་བ་མང་པོ་ལུག་ཁྱུ་སྤང་ལ་བཀྲམ་པ་ལྟར་གང་སར་བཀྲམ་ནས་ཡོད་པའི་ས་ཆ་ངོ་མཚར་བ་ཞིག་བརྒྱུད་ནས་སོང་རྗེས་དཔལ་ཡུལ་རྫོང་ཁོངས་སུ་འབྱོར་འགྲོ་ཞིང་། ལམ་གྱི་ཉེ་འགྲམ་དུ་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེན་མོ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཡང་ཏིང་འཛིན་དང་ལྷིང་འཇགས་ཀྱི་ཀློང་ན་དལ་ཅག་གེར་ཆགས་ཡོད།
སྔོན་ཆད་དུས་རབས་བདུན་པའི་སྐབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་བཞེངས་པ་ལས་ཀ་བྲག་ཇོ་བོའི་ལྷ་ཁང་ནི་དེའི་ནང་གི་གཅིག་ཡིན་པར་གྲགས་ཤིང་། ལྷ་ཁང་དེ་ནི་དཀར་མཛེས་རྫོང་གི་ཉེ་འགྲམ་གྱི་ལྷོ་ངོས་ཀྱི་ཞིང་གྲོང་ཞིག་ཏུ་མཆིས། ལྷ་ཁང་འདིའི་སྟེང་འོག་གི་ཁང་བརྩེགས་གཉིས་སུ་ཇོ་བོའི་སྐུ་བརྙན་རེ་དང་། འོག་ཁང་དུ་ཕྱིས་སུ་ས་འོག་ནས་རྙེད་པའི་གནའ་དུས་ཀྱི་ཚ་ཚ་དང་སྒྲོལ་མའི་སྐུ་བཅས་བཞུགས་ལ། ཉིས་ཐོག་ཏུ་ཀརྨ་པ་དུས་གསུམ་མཁྱེན་པའི་གཟིམ་ཁང་སྟེ་བང་ཁང་ཆུང་ཆུང་ཞིག་ཡོད། གཟིམ་ཁང་འདིའི་ཕྱོགས་བཞི་གར་ལྡེབས་རིས་རྙིང་པས་གང་ཡོད་ཅིང་། དེ་ཡང་ཇོ་བོ་རྗེ་དང་རྗེ་བཙུན་མི་ལ། ད་དུང་སྒོ་ངོས་སུ་སྲིད་པ་འཁོར་ལོ་དང་། སྒེའུ་ཁུང་གི་འོག་ཏུ་དགེ་སློང་གི་འཚོ་བའི་ཡོ་བྱད་དག་གི་རི་མོ་ཡང་ཡོད། ཀ་བྲག་ཇོ་བོའི་ལྷ་ཁང་གི་ལོ་རྒྱུས་མཐོང་ཐོས་བྱུང་བ་དག་ཏུ་བཀོད་པ་ལ་གཞིགས་ན། སྔོན་གྱི་དུས་སུ་གནས་འདིར་དགེ་འདུན་གྱི་སྡེ་ཤིན་ཏུ་རྒྱས་ཤིང་། སྐྱེས་བུ་དམ་པ་མང་པོས་ཞབས་ཀྱིས་བཅགས་པར་མ་ཟད། འཆད་ཉན་ཡང་ཧ་ཅང་དར་བར་སྣང་། དེ་ལྟ་ན་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོས་གནས་འདིའི་ཕུན་ཚོགས་དག་རིམ་གྱིས་བསྣུབས་ཏེ། དེང་སང་ནི་གོང་བཤད་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དེ་དག་ལས་གཞན་རྣམས་མིང་གི་ལྷག་མ་ཙམ་དུ་གྱུར་ནས་འདུག
ཁྲོན་བོད་གཞུང་ལམ་དེད་དེ་དཀར་མཛེས་རྫོང་གི་ནུབ་ཕྱོགས་སུ་རིམ་གྱིས་ཕྱིན་ན། གསས་མཁར་དང་རོང་པ་ཚ་སོགས་ཀྱི་ཞིང་གྲོང་སྙིང་ལ་འབབ་པ་མང་པོ་ཞིག་མངོན་འོང་ཞིང་། ཞིང་གྲོང་དེ་དག་བརྒྱུད་རྗེས་མ་ཎི་གད་མགོ་དང་ཡིད་ལྷུང་ཁོག་སོགས་བགྲོད་མཐར་གྲགས་ཅན་གྱི་རི་བོ་ཞིག་དང་ཐུག་ཡོང་བ་ནི་སྡེ་དགེའི་ཁྲོ་ལ་སྟེ། སྔོན་ཆད་དཀར་མཛེས་ནས་སྡེ་དགེ་དང་། སྡེ་དགེ་ནས་དཀར་མཛེས་སུ་འགྲོ་བའི་ཁ་ལོ་པ་དང་འགྲུལ་པ་ཡོངས་ཀྱིས་སེམས་ཚེགས་བྱ་དགོས་ས་ནི་སྡེ་དགེའི་ཁྲོ་ལ་བརྒྱག་རྒྱུ་དེ་ཡིན་མོད། འོན་ཀྱང་དེང་སང་ཕུག་ལམ་ལས་ཟིན་པས་ཁྲོ་ལ་བརྒྱབ་སྟེ་འགྲོ་མི་དགོས་པས་སྟབས་བདེ་པོ་ཞིག་རེད་འདུག ཁྲོ་ལའི་ཕར་རྒྱབ་ནས་གང་འཚམས་ཕྱིན་རྗེས་སྡེ་དགེའི་རྫོང་ནང་དུ་འབྱོར་འགྲོ་ཞིང་། ཁམས་པའི་ཤེས་རིག་གི་ལྟེ་གནས་ཏེ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ནི། དུས་རབས་གསར་རྙིང་གི་མྱོང་བ་སྣ་ཚོགས་བརྒྱུད་དེ་ད་དུང་ཡང་བྱིན་རླབས་དང་གཟི་བརྗིད་ཀྱི་ཀློང་ནས་རྫོང་དཀྱིལ་དུ་འགྱིངས་ནས་ཡོད། སྡེ་དགེ་ནས་ཕར་ཕར་ཕྱིན་ན་འཇོ་མདའ་དང་། དེ་ནས་ད་རུང་སོང་ན་ངའི་ཕ་ཡུལ་གོ་འཇོ་རུ་སླེབས་ཀྱི་ཡོད།
དཀར་མཛེས་རྫོང་གི་ཉེ་འགྲམ་གྱི་ལྷོ་ངོས་སུ་ཅུང་ཙམ་ཕྱིན་ན། ལོ་ཁ་ཤས་ཀྱི་སྔོན་ནས་ཕྱེས་པའི་གླིང་གེ་སར་རྒྱལ་པོའི་རིག་གནས་འགྲེམ་སྟོན་ཁང་ཆེན་མོ་མཆིས། བཤམ་སྟོན་ཁང་འདིར་ལྟ་སྐོར་དུ་འགྲོ་སའི་ཁང་བརྩེགས་བཞི་འདུག་ལ། ཁང་བརྩེགས་དང་པོའི་ནང་དུ་གཙོ་བོ་བོད་ཀྱི་དམངས་སྲོལ་རིག་གནས་དང་། བཟོ་གསོ་རྩིས་དང་ཡིག་གཟུགས་རིག་གནས་སོགས་ཀྱི་སྐོར་དང་། བརྩེགས་གཉིས་པར་ནི་ང་ཚོ་བོད་ཀྱི་སྣོད་བཅུད་རིམ་གྱིས་གྲུབ་ཚུལ་ནས་མངའ་མཛད་བཅུ་གཉིས་དང་། བཙན་པོའི་རྒྱལ་རབས། སིལ་བུའི་དུས་དང་། ས་སྐྱའི་དུས་ནས་ད་ལྟའི་བར་གྱི་ལོ་རྒྱུས་ལ་བལྟ་རྒྱུ་འདུག་ལ། དེ་ཡང་གནའ་དེང་གི་ལོ་རྒྱུས་བཤད་ཐབས་གཉིས་པོ་ཟུང་འབྲེལ་བགྱིས་པས་ལྟ་མོས་པ་དང་། ལོ་རྒྱུས་ཀྱི་བྱུང་བ་ཁག་རི་མོ་དང་འབུར་གཟུགས་ཅི་རིགས་ཀྱི་ལམ་ནས་སྟོན་ཅིང་། ད་དུང་གོ་བདེ་བའི་གསལ་བཤད་ཀྱི་ཡི་གེ་ཡང་འདུག་པས་བལྟས་ན་བློ་བསྐྱེད་ཡོད་པ་ཞིག་རེད། བརྩེགས་གསུམ་པའི་བཤམ་སྟོན་ཁང་གི་ནང་དུ་ནི་ནང་བསྟན་ཆོས་ལུགས་ཀྱི་སྐོར་ཏེ། དེ་ཡང་གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་བྱུང་བ་དང་། དེ་འཛིན་པའི་གྲུབ་མཐའ་ཁག་གི་གནས་ཚུལ། གསང་སྙིང་དང་དུས་འཁོར་གྱི་བློས་བསླངས་དང་། ནང་བསྟན་གྱི་ལྷ་ཚོགས་རྣམས་ཀྱི་ཐང་ག་སོགས་མང་ཞིང་། ད་དུང་རྒྱ་བརྒྱུད་དང་། ལྷོ་བརྒྱུད་ནང་བསྟན་གྱི་སྐོར་ཡང་ཉུང་ཟད་མཆིས། བཤམ་སྟོན་ཁང་གི་བརྩེགས་བཞི་པར་ནི་བཀའ་བསྟན་གཉིས་ཀྱིས་གཙོས་པའི་གསུང་རབས་ཀྱི་གླེགས་བམ་ཤིན་ཏུ་མང་པོ་བརྩིགས་འདུག་ལ། དེ་དག་ནི་ལག་བྲིས་མ་རྐྱང་རྐྱང་ཡིན་པར་སྣང་། ཁོ་བོས་དཀར་མཛེས་རྫོང་ནས་བོད་ཀྱི་རིག་གནས་དང་འབྲེལ་ཡོད་ཀྱི་ལྟད་མོ་བལྟ་ས་རིན་ཐང་ཅན་ནི་བཤམ་སྟོན་ཁང་འདི་ལས་ལྷག་ཅིག་མཐོང་མ་སོང་།
རྫོང་འདིའི་ཤར་ཕྱོགས་ཀྱི་གྲོང་མཐའ་རུ་གནས་པའི་གེ་སར་མཁར་གྲོང་ནི་སྤྱི་གླིང་དང་ཚོང་ར་མཉམ་དུ་ཡོད་པ་ཞིག་སྟེ། འདིའི་ནང་དུ་བོད་ཀྱི་རི་མོས་གཙོས་པའི་སྲོལ་རྒྱུན་རིག་གནས་ལ་དེང་དུས་ཀྱི་སྒྱུ་རྩལ་གྱི་རྣམ་པས་སྤྲས་པའི་ཅ་ལག་བཙོང་སའི་ཚོང་ཁང་མང་པོ་ཡོད་ཅིང་། ཐང་ག་དང་ཡིག་གཟུགས་ལས་གྲུབ་པའི་ཅ་ལག་རྣམས་ནི་དེ་བས་ཀྱང་ཡིད་དུ་འོང་བ་ཞིག་ཡོད། ལོ་རེའི་དབྱར་གྱི་དུས་སྐབས་དམིགས་བསལ་བ་དག་ཏུ་འདིའི་ནང་དུ་ཚོང་ལས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་ལ། སྐབས་དེར་ཕྱོགས་ཕྱོགས་ནས་འདུས་པའི་མགྲོན་པོ་དག་གིས་རང་རང་གི་ཅ་ལག་གསར་རྙིང་སྣ་ཚོགས་ཁྱེར་ནས་ཡོང་ཞིང་། ཉོ་མཁན་དང་ལྟད་མོ་པ་ཡང་ཤིན་ཏུ་མང་། གེ་སར་མཁར་གྲོང་འདི་དཀར་མཛེས་རྫོང་ནང་གི་སྤྲོ་འཆམ་དུ་འགྲོ་ས་ཆེས་སྐྱིད་ཤོས་དེ་ཡིན་པ་འདྲ་སྟེ། འདིར་ས་རྒྱ་ཡངས་ལ་མཐའ་འཁོར་གྱི་ཁོར་ཡུག་ཀུན་ཏུ་ལྗོན་ཤིང་གིས་བསྐོར་བ་དང་། དབུས་སུ་མིས་བཟོས་ཀྱི་མཚེའུ་ཆེ་ལ་གཙང་བ་མང་པོ་ཡོད་ཅིང་། མཚེའུ་དེ་དག་གི་ནང་དུ་ཉེ་འགྲམ་གྱི་མཆོད་རྟེན་དང་རྒྱང་རིང་གི་གངས་རིའི་གཟུགས་བརྙན་དག་འཕོས་དུས་དེ་བས་ཀྱང་སྙིང་དུ་སྡུག་པ་ཞིག་མཆིས།
དཀར་མཛེས་ནས་ཁྲོན་བོད་གཞུང་ལམ་དེད་དེ་ཤར་ཕྱོགས་སུ་ཕྱིན་པ་དང་། དེ་ནས་རི་སྒང་ཞིག་བརྒྱུད་དེ་བྱང་ཕྱོགས་སུ་ཕྱིན་ནས་བཀོད་ལེགས་བབས་ཆགས་ཀྱི་ཞིང་གྲོང་དང་། རི་བོའི་ཆགས་ཚུལ་ཡ་མཚན་ཆེ་བའི་གནས་རི་སོགས་བརྒྱུད་རྗེས་ཁམས་གསེར་རྟའི་ཕྱོགས་སུ་ཐོན་པར་འགྱུར། དེ་ཡང་གསེར་རྟའི་སྟོད་ཕྱོགས་ཀྱི་ཡུལ་གྲུ་ཕལ་མོ་ཆེ་ནི་འབྲོག་པ་ཡིན་ཞིང་སྨད་ཕྱོགས་སུ་ཞིང་ས་ཡང་མཆིས་པ་སྟེ། གང་ལྟར་གསེར་རྟའི་རྫོང་ཁོངས་སུ་རོང་འབྲོག་གཉི་ག་མཆིས་ལ། དགུན་དུས་སུ་བོད་ཡུལ་གྱི་འབྲོག་ས་ཕལ་མོ་ཆེ་ལྟར་ཤིན་ཏུ་འཁྱག་པ་དང་། དབྱར་དུས་སུ་ཁོར་ཡུག་གང་སར་མེ་ཏོག་དང་སྤང་ལྗོངས་ཀྱིས་མཛེས་པའི་ས་ཆ་ཡིད་དུ་འོང་བ་ཞིག་ཡོད། གསེར་རྟ་རྫོང་ནས་གསེར་ཆུའི་རྒྱུ་ཕྱོགས་དང་བསྟུན་ནས་མར་ཙམ་ཕྱིན་ན་གཡོན་ཕྱོགས་ཀྱི་ལུང་པ་ཞིག་གི་ནང་དུ། བདག་གི་མ་ཡུམ་སློབ་གླིང་སྟེ་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཉིད། སྒྱུ་འཕྲུལ་ལྷ་ཁང་གི་གཟི་བྱིན་དང་། བཤད་དང་སྒྲུབ་པའི་དྲོད་ཁོལ་གྱི་འོག་ཏུ་ལྷིང་འཇགས་ཀྱིས་ཆགས་ཡོད།
དཀར་མཛེས་རྫོང་གཞུང་གི་སྡེ་པ་གྲོང་དུ་སྡེ་མགོན་ཁང་ཞེས་པའི་ལྷ་ཁང་ཞིག་ཡོད་ཅིང་། ལྷ་ཁང་འདི་ནི་མི་ལོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་ཞིག་སྟེ། དེ་ཡང་ལོ་རྒྱུས་ཁག་ལས་སྡེ་མགོན་ཁང་དང་དེའི་ནང་བཞུགས་དཔལ་ལྡན་གུར་གྱི་མགོན་པོ་གཙོ་འཁོར་དག་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་གསུང་ལྟར་སྤྱི་ལོ༡༢༧༤ལོར་བཞེངས་པར་གསལ། མགོན་ཁང་འདི་ནི་གནའ་ཉམས་ཀྱིས་ཕྱུག་ཅིང་། ནང་གི་རྟེན་གཙོ་དཔལ་ལྡན་གུར་གྱི་མགོན་པོའི་སྐུ་དེ་ཡང་ཧ་ཅང་རྔམ་བརྗིད་ཅན་ཞིག་དང་། གུར་མགོན་གྱི་འཁོར་གྱི་སྐུ་བརྙན་དག་ཀྱང་བརྗིད་ལ་བྱིན་ཆགས་པ་རྐྱང་རྐྱང་མཆིས། མགོན་པོའི་སྐུ་འདི་དང་ཐོག་བཞེངས་དུས་ནང་དུ་གཟུངས་གཞུག་རྩ་ཆེན་གང་མང་ཡོད་རབས་འདུག་ཅིང་དེ་ལས་ཟུར་ཙམ་སྨོས་ན། གུ་རུ་རིན་པོ་ཆེས་དྲི་མེད་ཀོ་ཤའི་མཚོ་གླིང་ནས་གདན་དྲངས་པའི་ཙནྡན་ལས་གྲུབ་པའི་མགོན་པོའི་སྐུ་རང་བྱོན། པཎྜི་ཏ་ག་ཡ་དྷ་རས་རྒྱ་གར་ནས་གདན་དྲངས་པའི་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ། སངས་རྒྱས་རབས་བདུན་གྱི་རིང་བསྲེལ། མཆོག་ཟུང་གཉིས་ཀྱི་རིང་བསྲེལ། ན་རོ་པའི་དབུ་ཐོད་དུམ་བུ། སངས་རྒྱས་འོད་སྲུང་གི་ཚེམས། མ་ལབ་སྒྲོན་གྱི་ཤངས་མཚལ་གྱིས་བྲིས་པའི་གུར་མགོན། ཆོས་རྗེ་ས་པཎ་གྱི་ཐུགས་དམ་གྱི་རྟེན་ཀྱཻ་རྡོ་རྗེའི་སྐུ། ཤཱ་རིའི་བུའི་སྐུ་ཆིངས། པཎ་ཆེན་ཤཱཀྱ་ཤྲིའི་སྣམ་སྦྱར། ཕ་དམ་པ་སངས་རྒྱས་ཀྱི་དབུ་སྐྲ། ཀ་མ་ལ་ཤཱི་ལའི་གདུང་རུས། གྲུབ་ཆེན་ཤཱ་བ་རི་པའི་སྐུ་ཤ་སོགས་ཤིན་ཏུ་མང་ངོ་།། མགོན་པོའི་སྐུ་འདིར་དུས་འགྱུར་གྱི་སྐབས་སུ་ཉམ་ཆག་བྱུང་མིན་ཐད་དཀོར་གཉེར་རབ་བྱུང་པ་ཞིག་གིས་འདི་ལྟར་གསུངས་ཏེ། རྟེན་གཙོ་གུར་མགོན་གྱི་སྐུ་དེར་རིག་གསར་གྱི་སྐབས་སུ་ཉམས་ཆག་བྱུང་མོད། ནང་གི་གཟུངས་གཞུག་རྣམས་ལྷག་ཡོད་པ་དང་། རྟེན་གཙོ་གུར་མགོན་གྱི་སྐུ་དེའི་ཕྱག་གཡས་པའི་མཆན་འོག་ཏུ་མགོན་པོ་ཕྱག་བཞི་པའི་སྐུ་རིང་ཚད་ལ་སྨི་གང་ཙམ་ཞིག་མཆིས་པ་དེར་ཉམས་ཆག་གང་ཡང་བྱུང་ཡོད་མ་རེད་གསུང་གི་འདུག ཡང་མགོན་པོའི་སྐུ་འདིའི་ལོ་རྒྱུས་གཞན་པ་ཞིག་ཏུ་ནི་དུས་འགྱུར་གྱི་སྐབས་སུ་མགོན་ཁང་གི་རྟེན་དང་བརྟེན་པར་ཉམས་ཆག་བྱུང་ཞིང་། སྐུ་འདྲ་དེ་དག་གི་སྔ་མའི་རྟེན་བྱིན་ཅན་རྣམས་ཕལ་ཆེར་འཇིག་ཟིན་པ་དང་། སྔར་གྱི་བྱིན་རྟེན་རེ་གཉིས་ཤིག་མང་ཚོགས་འགས་ཉར་ཚགས་བྱས་ཡོད་པ་རྣམས་ད་ལྟའི་མགོན་པོའི་སྐུ་འདིར་གཟུངས་གཞུག་ཏུ་ཕུལ་ཡོད་པར་བཤད་འདུག་གོ། །།
༢༠༢༥.༤.༡༢ཉིན་དཀར་མཛེས་སུ་བྲིས།
༢༠༢༥.༡༢.༢ཉིན་ཅུང་ཟད་བཅོས། ༢༠༢༦.༡.༣༠ཉིན་སླར་ཡང་ཅུང་ཟད་བཅོས།
བསམ་ཚུལ་ཕྲིས།