རང་བཙན་གསལ་བའི་མེ་ཕུང་སྐོར་བྲོ།

རྩོམ་ཡིག་འདི་ཐེངས་ 105 བཀླགས་འདུག

རང་བཙན་གསལ་བའི་མེ་ཕུང་སྐོར་བྲོ།

__ དཔའ་བོ་རང་བཙན་བློ་དགའི་ཞེ་དགུ་ལ་སྐྱོར་བའི་བར་དོ་ཐོས་གྲོལ།
རྩོམ་པ་པོ། རྡོ་རྗེ་ཕུན་ཚོགས།

སྟོང་ལོ་ཉེར་དྲུག་གི་དབྱར་གཞུང་ཚ་རླབས་འབར། །
གསེར་ཕོར་ཐོབ་ཤོར་ལ་འཛམ་གླིང་རྩོད་ནས་ཡོད། །
བོད་མི་མེར་བསྲེགས་ཀྱི་ཛ་དྲག་གསར་འགྱུར་དེས། །
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ཆེན་སྦར་ནས་བྱུང་། །

བལྟ་ཡང་མི་ཕོད་ལ་བསམས་ནའང་འདར་འགྲོ་བའི། །
རང་བསྲེགས་ལས་འགུལ་གྱི་ཐད་གཏོང་རིང་མོ་དང་། །
འདའ་ཁའི་ཞལ་ཆེམས་ཀྱི་གཏམ་བརྙན་རེ་རེ་བཞིན། །
སྐྲག་སྐྲག་འདར་འདར་ལ་ཅིས་ཀྱང་བལྟ་དགོས་བྱུང་། །

ངོ་དེབ་ཐད་གཏོང་གི་བརྙན་མིག་ཡོ་འཁྱོག་མེད། །
བསྒྲགས་གཏམ་སྔོན་ལ་སྤེལ་མ་རེད་ཟེར་ས་མེད། །
འབོད་ཚིག་རུམ་དུ་བཅུག་ས་སྣུམ་ལུས་ལ་བླུགས། །
“ཞེད་སྣང་ཚ་བོ་”ཡི་ལས་འགུལ་སྤེལ་ནས་བྱུང་། །

དལ་དལ་ལྷོད་ལྷོད་ཀྱི་གོམ་སྟབས་རེ་རེ་བཞིན། །
མདུན་དུ་སྤོ་ལུགས་ནི་དད་ལྡན་མཇལ་སྐོར་བ། །
ལྷ་ལྡན་གཙུག་ལག་ཁང་སྐོར་ལ་ཕེབས་ལེ་འདྲ། །
མི་བྲེལ་མི་འཚབ་ནས་བློ་བག་ཕེབས་མདོག་ལ། །

མགོ་བོ་མཐོ་མཐོ་ཡིས་གངས་སེང་རྒྱལ་དར་ཁྱེར། །
རུ་འདྲེན་དཔའ་ཐུལ་གྱི་རྫིག་ཉམས་ངོམ་པ་འདྲ། །
དོ་དོ་དན་དན་གྱིས་དར་ཆེན་བསྒྲེངས་ནས་བྱུང་། །
ལ་རྒྱའི་དབུ་འཕང་དེ་དགུང་ལ་བསྟོད་པ་འདྲ། །

གོམ་ཁ་མདུན་སྤོ་ཡིས་བཙན་ས་ཁྲིགས་སེ་བཟུང་། །
བསྒྲགས་ཡིག་རུམ་ནས་བཏོན་མེ་ཆ་མ་སྤར་གོང་། །
ཐད་གཏོང་པར་མིག་ལ་ཕྱིར་མིག་མཐའ་མ་དེས། །
སུ་ཞིག་གཟིགས་པ་འམ་ཅི་ཞིག་དགོངས་པ་རེད། །

མེ་སྟག་ལུས་ལ་མཆེད་མེ་རླབས་དགུང་ལ་འཕྱུར། །
མཐོ་མཐོ་རྒྱང་རྒྱང་གིས་ཕྱག་ཟུང་ཐད་ལ་འཕྱར། །
དཔའ་སྙིང་བློ་སྟོབས་ཀྱི་བྲང་ཞེང་ཅི་འདྲ་ཡངས། །
མ་ཡོ་མ་འཁྱོག་ནས་ལངས་སྟངས་ཅི་འདྲ་བརྗིད། །

རྔམ་རྔམ་བརྗིད་བརྗིད་ཀྱིས་མགོ་བོ་ལྟག་ལ་དགྱེ། །
བཙན་པོ་ཡ་མེད་ཀྱི་དབུ་འཕང་བསྟོད་ནས་བྱུང་། །
ཏན་ཏན་ཏིག་ཏིག་གིས་རྐང་པ་འཕྲེད་ལ་བགྲད། །
ཕོ་རྒོད་གྱད་འགྲོས་ཀྱིས་ཉམས་བཟང་དོད་པ་ལ། །

མེ་ཤུགས་ཇེ་ངར་རེད་མེ་ཞུན་བཞུར་ནས་བྱུང་། །
སྡུག་རུས་ཆེ་བ་ལ་ཚ་འཕགས་རྐང་གཅིག་མེད། །
ཤ་ཀུན་ཞིག་གྱུར་ཅིང་རུས་རྐང་བཞུར་ན་ཡང་། །
རིག་པ་དྭངས་གསལ་གྱིས་གོམ་པ་མདུན་ལ་སྤོ། །

སྐུ་ཁམས་མེ་རུ་འབར་སྐུ་གདུང་ཐང་དུ་ལྷུང་། །
མྱུར་སྐྱོབ་རུ་མི་ཡིས་སྐྱོབ་ཐབས་བྲལ་བ་ཁྱེད། །
ཤི་མིན་གསོན་མིན་གྱི་ནད་ཁྲིར་མ་ལུས་ནས། །
ལུས་རྟེན་དོར་ལུགས་དེ་བློ་ལ་བབས་ལེ་ཡིན། །

གསར་འགྱུར་དྲ་ལམ་ནས་བོད་དོན་ཡལ་ཏེ་ཡོད། །
དེ་རིང་མདུན་ངོས་ལ་ཁྱེད་ཀྱིས་བསྟན་ནས་བྱུང་། །
བོད་དོན་འཐབ་རྩོད་ཀྱི་འབོད་སྒྲ་ཆད་ནས་ཡོད། །
དེ་རིང་ངར་སྐད་ཀྱིས་འཛམ་གླིང་འུར་ནས་བྱུང་། །

མདོ་དབུས་ཁམས་གསུམ་ནས་དཔའ་བོ་དཔའ་མོ་ཚོས། །
རང་དབང་རང་བཙན་ཆེད་རང་ལུས་བསྲེགས་ཚད་ཀྱི། །
འདའ་ཁའི་ཞལ་ཆེམས་ཀུན་ཕྱི་གསལ་ནང་གསལ་གྱིས། །
འཛམ་གླིང་ཡོངས་ཁྱབ་ལ་ཁྱེད་ཀྱིས་བསྒྲགས་ནས་བྱུང་། །

བོད་རིགས་རྩ་མེད་ཀྱི་ཁྲིམས་ལ་བཞི་ཤད་བཀོད། །
སྐད་ཡིག་སྐེ་རྩ་ནས་བཙན་གྱིས་བཙེར་བའི་དུས། །
རང་བཙན་སྐད་འབོད་ཀྱི་ངོ་རྒོལ་བཙན་པོ་དེས། །
བཙོན་འོག་ལྕགས་སྒྲོག་གི་སྐེ་སྒོ་ཁྱོད་ཀྱིས་གཏོར། །

བོད་ཕྲུག་རྒྱ་བསྒྱུར་གྱིས་བོད་ཞེན་ཡལ་དུས་འདིར། །
ང་རང་བོད་ཡིན་གྱི་གདེང་སྤོབས་ཁྱེད་ཀྱིས་བསྩལ། །
རྒན་རབས་རང་ཡུལ་ལ་རེ་ཐག་གཅོད་དུས་འདིར། །
ཚེ་ཐག་རིང་བ་ལ་དགའ་བའི་གསོན་ཤུགས་བསྩལ། །

མི་ལོ་དྲུག་བཅུ་ལྷག་རང་ཡུལ་ཡིད་ལ་བཏགས། །
མཐའ་མའི་རོ་ཐལ་ཡང་ས་མཐར་འཕོ་མཁན་གྱི། །
ལྷ་བཟང་ཚེ་རིང་འདྲའི་རྒན་རྒོན་བསོད་ཟད་ཚོ། །
ཞག་གསུམ་མ་སྔ་ན་སྐྱིད་ཅིག་རིགས་ཚོད་ཡིན། །

རྒྱ་ཞབས་བཙན་འོག་ནས་ཉེ་ཤག་འབྲེལ་གསུམ་ལ། །
སྡུག་སྦྱོང་མནར་གཅོད་ཀྱིས་ཚེ་སྲོག་ཤོར་ཡོང་དྲན། །
རང་དབང་ལུང་པ་ནས་རང་དབང་ཤོར་མཁན་གྱི། །
གསར་འབྱོར་ང་ཚོའི་གྲས་ཅི་ཞིག་བྱེད་དགོས་རེད། །

བདག་ལ་རྩོམ་རྩལ་ཡོད་སྙན་འགྱུར་ཚིག་མཛེས་ལ། །
རང་དབང་ཐོབ་ཡོད་ཅེས་ཁ་ཕོ་བསྒྲགས་མྱོང་མོད། །
དཔའ་བོའི་གད་རྒྱང་གིས་གནམ་ས་གཡོ་བའི་དུས། །
ངུ་སྐད་འདར་འདར་ལ་ཅི་ཞིག་བཤད་དགོས་འདྲ། །

དྲན་འཕྲུལ་རིག་རྩལ་གྱི་སྒྱུ་འཕྲུལ་སྟོན་དགོས་མེད། །
སྡེབ་ལེགས་ཚིག་མཛེས་ཀྱི་སྙན་ངག་མི་འཁྲོལ་མོད། །
རང་བཙན་བློ་དགའ་ཡི་རང་ཚུགས་དྲང་པོ་འགའ། །
རང་སྐད་རྣམ་དག་གིས་ཅིས་ཀྱང་གླེང་དགོས་འདྲ། །

ཆུང་འདྲིས་གྲོགས་པོ་མིན་རྩ་དོན་རྩོད་རོགས་ཀྱི། །
བློ་ཐུབ་ཡིན་ཚུལ་སོགས་སྦོ་ཤོབ་བཤད་རན་མེད། །
ཉི་འོག་གྲོང་ཁྱེར་དུ་སོང་ཐེངས་གཅིག་གཉིས་ལ། །
ཕར་བསུ་ཚུར་བསྐྱེལ་གྱི་བཀའ་དྲིན་ཆེན་པོ་ཡིན། །

མཐོ་པོའི་རི་གསེང་དང་དམའ་མོ་མཚོ་འགྲམ་ནས། །
དགའ་དགའ་སྤྲོ་སྤྲོ་ཡིས་འགྲོ་རོགས་བྱེད་མྱོང་ཡོད། །
ཅི་འཕྲོས་མོལ་འཕྲོས་དང་ཁ་མཚར་རྩེད་མོ་ཡིས། །
མཚན་ནམ་རིང་མོ་འགའ་ལྷན་དུ་བསྐྱལ་མྱོང་ཡོད། །

མགོ་བོ་དགྱེ་དགྱེ་དང་ལག་ཟུང་མཐོ་མཐོ་ཡིས། །
ལྷག་དཀར་སྒོར་གཞས་ཀྱི་གར་ལ་རོལ་ས་ནས། །
ཟུར་མིག་མེ་ཏོག་གི་དཔལ་ལ་འཁོར་བའི་དུས། །
ཁ་རིས་ལམ་སྟོན་གྱིས་ཁ་འཛིན་བྱེད་མྱོང་ཡོད། །

རྐང་པ་ཡང་ན་འགྲིག་ལག་པ་མཐོ་ཡང་ཆོག །
བྲོ་ར་ཁྲ་མོའི་ནང་དབྱིངས་ལ་ཞུགས་པའི་ཚེ། །
ཨ་བུ་བློ་དགའ་ཁྱེད་ཐང་དཀར་རྒོད་པོ་འདྲ། །
ཕོ་གསར་མོ་གསར་ཚོས་མིག་དཔེ་ལྟ་ས་ཡིན། །

ཁོག་སྟོད་སེང་ཆགས་ཀྱི་ལག་པའི་ལྡེམ་ཆ་ལ། །
འབྲོང་གཡག་དར་མ་ཡི་རྭ་རྩེ་ལྡེམས་སེ་ལྡེམ། །
སྐེད་པ་འཕྲུལ་ཆགས་ཀྱི་རྐང་པའི་ཡང་ཆ་ལ། །
རྟ་མཆོག་འཕུར་ཤེས་ཀྱི་རྨིག་སྒྲ་ཐགས་སེ་ཐག །

རྩེད་དགོད་སྣང་སྐྱིད་ཀྱི་ཀུན་མཐུན་གྲོགས་པོ་ཁྱེད། །
མཚར་གཏམ་རྩེད་མོ་ལ་རྫོགས་ཡ་མེད་མཁན་རེད། །
རང་བཙན་འཐབ་རྩོད་ཀྱི་བདེན་དོན་རྩོད་ས་ནས། །
གནས་ལུགས་ལྕགས་ནག་གི་ཁུ་ཚུར་འཕྱར་མི་རེད། །

ཆོལ་ནད་གཏམ་ཡན་ལ་སྐྱོ་ཉམས་སྨིན་མ་བསྡུ། །
སྨིན་མ་འདུས་མཚམས་ལ་མྱ་ངན་ཤུར་མོ་དོད། །
སྤུན་ཟླ་ནང་འཁྲུགས་ཀྱི་སྐྱོ་གར་ཐེངས་རེ་ཡིས། །
ཁྱེད་ཀྱི་སྙིང་ཁམས་ལ་ཚག་ཤད་ཅི་འདྲ་འཐེན། །

དར་ལོ་ཡབ་གཞིས་ཀྱི་ཨ་སྒོར་འདམ་དོང་ནང་། །
བྱ་བྲལ་ཟམ་གདོང་ཡང་རྐང་ཡ་ཟུག་སོང་ཟེར། །
ཨ་རོགས་བློ་དགའ་ཁྱོད་ཨ་རིའི་གྲོང་ཁྱེར་ནས། །
ཨ་སྒོར་སྒེར་གསོག་གི་རང་དོན་མ་བྱས་རིགས། །

དར་ནག་ཚོགས་པ་ཡིས་ནག་པོར་མ་ཐོན་ལ། །
ངན་པ་སླར་གསོ་ཡི་ངན་རོགས་མ་བྱས་པས། །
དོག་རྒྱལ་ཚོགས་པ་ཡང་དོག་པ་མ་བྱས་ནས། །
དཔའ་བོ་ཁྱེད་རང་ལ་མགོ་བོ་དུད་ནས་བྱུང་། །

ནང་དམེའི་སྐལ་བཟང་ཅན་ནད་ཀྱིས་ཤི་བའི་དུས། །
དཔའ་བོ་གྲོངས་སོང་ཞེས་ངུ་ཤར་འཐེན་མཁན་གྱི། །
ཚེ་བརྟན་ནག་རིལ་དང་རྨོ་རྨོ་བསྟན་གཡང་སོགས། །
ཁ་སྐྱེངས་ངོ་གནོངས་ཀྱིས་ངོ་མདོག་ཤོར་ཚོད་ཡིན། །

ངུ་སྐད་འདར་ར་ར་སྡར་སྐད་ཤོར་མཁན་འགས། །
དཔའ་བོའི་ངར་སྐད་ལ་སྡུག་སྐད་ཤོར་སོང་ཞེས། །
མ་ཤེས་ཤེས་མདོག་གིས་ལོག་བཤད་བྱས་ན་བྱས། །
ཁ་ཆེམས་ཞལ་ཆད་ཀྱི་དཔའ་སྐད་འགྱུར་ས་མེད། །

རྒྱ་མིན་བོད་མིན་གྱི་གཉིས་མིན་དབུ་མའི་ལམ། །
རང་བཙན་བློ་དགའ་ཡི་བློ་ལ་མ་འཛའ་རིགས། །
ཆོས་མིན་སྲིད་མིན་གྱི་ཟབ་ཁྲིད་ཡ་མཚན་འདི། །
སོ་སྐྱེས་ཕལ་བ་ཚོའི་དགོངས་དོན་མ་རེད་ཟེར། །

མགོ་འདོགས་རིང་ལུགས་ཀྱིས་རིགས་ཀྱི་མ་རྩ་བཙོང་། །
རྒྱལ་བའི་བཀའ་ལུང་ཕྱར་རྒྱ་མིའི་འཇིགས་བསྐུལ་འོག །
རང་བཙན་འཐབ་རྩོད་ཀྱི་རང་དབང་འཕྲོག་པའི་དུས། །
མི་འགྱུར་དན་རྟགས་ལ་རང་བཙན་དཔང་ཡིག་བསྐོས། །

བརྩེ་ཆེན་སྙིང་རྗེ་ཅན་ཡིད་བཞིན་ནོར་བུ་ཡིས། །
མ་ཎི་འུར་འདོན་གྱི་དགེ་བསྐུལ་ཁྱེད་ལ་མཛད། །
སྐུ་པར་ཕྱག་ཏུ་བཞེས་དབུ་ལ་ཡང་སེ་གཏུགས། །
བྱང་ཆུབ་ལུང་བསྟན་ཡང་ཁྱོད་ལ་ཐོབ་པ་ཡོད། །

ལུང་ཚན་ཁང་ཚན་ཞེས་ཕྱོགས་འཐེན་བྱེད་ས་ནས། །
མི་རབས་ཚ་རྒྱུད་ཚོས་བདག་དབང་རྩོད་ཀྱང་གིས། །
བོད་ཀྱི་དམག་དར་ཡང་གཡོག་ན་འགལ་བའི་དུས། །
སྐུ་ཕུང་ཞུགས་འབུལ་དེ་གཞུང་འབྲེལ་སུ་ཡིས་ཕོད། །

དཔོན་ངན་ཐབས་ཆག་ཚོས་འདོད་ན་མ་འདོད་ན། །
མགོ་ནག་མི་དམངས་ཀྱི་སེམས་ཀྱི་རྒྱལ་ཁམས་ན། །
ཕོ་རྒོད་བློ་དགའ་ཁྱོད་རྒྱལ་གཅེས་དཔའ་བོ་ཡིན། །
ཞེ་དགུ་སྲུང་ཚུལ་འདི་གཞུང་འབྲེལ་བརྒྱ་ལས་ལྷག །

མི་རྗེ་སྲིད་ཟུར་ལགས་རྒྱལ་སྲས་སྲིད་སྐྱོང་སོགས། །
ཁ་འདར་ཁོག་འདར་གྱིས་ཁ་ཆེམས་མི་ཤོད་ནས། །
མགོ་ཆད་མཇུག་ལྡུམ་གྱིས་ལོག་འགྲེལ་ཅི་བྱས་ལ། །
བློ་ཕམ་ཅི་ལ་དགོས་ཁ་ཆེམས་ཡོངས་གྲགས་རེད། །

ཨ་མདོ་ཡིན་ཚད་བོ་མཇུག་མེད་ཡིན་དོན་མེད། །
དབུས་གཙང་ཡིན་ཚད་པོ་གཡོ་ཅན་ག་ལ་ཡིན། །
ཁམས་པ་ཡིན་ཚད་པོ་གླེན་པ་ཡིན་དགོས་མེད། །
ཨ་ཕོ་བློ་དགའ་ཁྱོད་བློ་བདེ་བག་ཕེབས་མཛོད། །

མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་མ་ཡིན་པའི། །
གཞིས་ཆགས་བྷ་བྷུས་ཚོའི་ཁ་ལ་ཉན་དགོས་མེད། །
ཨ་རོགས་ཁམས་པ་ཡི་རང་བཙན་བློ་དགའ་ཁྱེད། །
གདོང་དམར་བོད་པ་ཡི་རིགས་ཀྱི་དཔའ་བོ་ཡིན། །

རྒྱལ་སྤྱི་གསར་འགྱུར་གྱིས་དྲི་བའི་སྒོ་འཕར་ཕྱེས། །
དམར་ནག་གུང་ཁྲན་གྱི་ལོག་བཤད་རྩ་བ་རྫོགས། །
འབྲེལ་མེད་དོན་གཞན་གྱི་ཐ་ཚིག་ཤོད་དུས་རེད། །
བོད་དོན་འཐབ་རྩོད་ཀྱི་རྩ་དོན་བཤད་རན་རེད། །

ཕར་ལ་མ་བཅར་ཡང་ཚུར་ལ་འདེད་དུས་རེད། །
གོ་སྐབས་དམ་འཛིན་གྱིས་ཡ་ལན་མི་བྱེད་ནས། །
གློག་མེད་ལམ་མེད་ཀྱི་གྲོང་གསེབ་ཁུག་ཀྱོག་ན། །
གཞུང་འཛིན་མགོ་བ་ཚོ་ཅི་ལ་གབ་འདུག་རེད། །

འཚེ་བ་ཡིན་མིན་ལ་ཀུན་སློང་བཤད་དགོས་མེད། །
རང་བཙན་རྩོད་མིན་ལ་ཁེ་བཟང་ཡོད་མེད་མིན། །
ཐོབ་ཐང་ཡོད་མེད་ལ་བདེན་དོན་མི་བཤད་ནས། །
སུ་ཞིག་ངོ་སྲུང་གིས་སྤྲེལ་ལད་འཁྲབ་འདུག་རེད། །

རང་བསྲེགས་ངོ་རྒོལ་གྱི་དགོས་འདུན་ཅི་ཞིག་ཡིན། །
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་དུང་མ་དྲན་ནས། །
ནང་མིར་སེམས་གསོ་ཡི་དོན་ཆུང་བཤད་པའི་དུས། །
དྲིལ་བསྒྲགས་ལས་ཁུངས་ཀྱི་དྲིལ་བརྡ་གང་དུ་ཡོད། །

བཀའ་སྤྱི་ཟུང་འབྲེལ་གྱི་ལས་འགུལ་ཡིན་རྒྱུ་བོ། །
ཞེ་དགུ་མཆོད་འབུལ་ལ་མར་མེ་བརྒྱ་ཀོང་འདི། །
མ་བྱས་མ་བསྒྲགས་པའི་མི་ཁ་འགོག་སྤྱད་ལས། །
འདི་བྱས་དེ་ཐོན་གྱི་འབྲས་རྟགས་ཅི་ཞིག་འདུག །

གཞིས་བཞུགས་སྤུན་ཟླ་ཚོས་ལྐོག་ལྐོག་སུད་སུད་ལ། །
རང་བཙན་བློ་དགའ་ཞེས་རང་རྣམ་མོལ་ཚོད་ཡིན། །
གཉའ་གནོན་བཤུ་གཞོག་གི་ཁོག་སྡུག་ནག་པོ་ལས། །
སྐར་ཆ་རེ་ཟུང་ཞིག་དབུགས་དབྱུང་ཐོབ་ཚོད་ཡིན། །

རང་བཙན་བློ་དགའ་ཁྱེད་བཙན་པོའི་ཕོ་ཉ་ཡིན། །
གཉའ་ཆག་མི་རབས་ལ་བརྒྱ་སོད་སྟོང་འདུལ་གྱི། །
དཔའ་གཏམ་ཡ་མེད་ཀྱིས་མགོ་བོ་མཐོ་ཤོག་ཅེས། །
རིགས་ཀྱི་དཔའ་སྙིང་ལ་སྤོབས་པའི་མེ་ཆེན་སྦར། །

སྐྱེས་པ་རླབས་ཆེན་ཡིན་ཀུན་ལ་དགའ་སྐྱིད་བསྟེར། །
ཤི་བ་གཟི་བརྗིད་ཡིན་རིགས་ཀྱི་དར་ཆེན་བསླངས། །
རང་བཙན་བློ་དགའ་ཡི་ངོ་མཚར་འབུམ་གསལ་གྱི། །
རྟོགས་བརྗོད་གསེར་བྲིས་མ་བཞེངས་ན་ཆོག་པ་ལ། །

ཚོར་བ་བན་བུན་གྱི་ཚིགས་བཅད་དམ་དུམ་དང་། །
མི་ཁ་ཁྲལ་སོད་ཀྱི་བསྒྲགས་གཏམ་ཐང་ཐུང་གིས། །
སེམས་ཁ་མ་ཚིམས་པའི་ཉིན་ཞག་འདི་ཚོའི་ནང་། །
རྟོག་དཔྱོད་གང་བྱུང་གི་དྲན་ཐོ་བསྒྲིགས་པ་ཡིན། །

དཔའ་བོའི་ཞལ་ཆེམས་ལ་ཚིག་རྒྱན་ཁ་སྣོན་བྱས། །
བདེན་དོན་བླ་མེད་ལ་བདེན་ཚིག་སྨོན་ལམ་ཞུས། །
འདི་ཕྱི་གཉིས་མཚམས་ཀྱི་བར་དོ་ཐོས་གྲོལ་འདི། །
རྣམ་ཤེས་གསོན་པོ་ལ་བཙན་པོའི་ལམ་ཡིག་ཡིན། །

མ་བྲིས་སྡོད་ཚུགས་མེད་འབྲི་ནས་མི་ཚར་བའི། །
བདག་གི་གཤིས་ངན་གྱི་རྩོམ་སྣེ་རིང་མཐའ་ལ། །
ཨུ་ཚུགས་ངང་རིང་གིས་ཀློག་སྣེ་ཕུད་མཁན་ཀྱེ། །
རེ་ཞིག་ངལ་གསོ་མཛོད་འབྲི་ཚོད་འདི་ན་ཡིན། །

ཟླ་ 7 ཚེས་ 2 ཉིན་མགོ་བརྩམས།
2026 –
ཟླ་ 8 ཚེས་ 19 ཉིན་མཇུག་གྲུབ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *