མཁན་འཆི་མེད་རིག་འཛིན་སྙན་གསར།
རྩོམ་ཡིག་འདི་ཐེངས་ 63 བཀླགས་འདུག
་

Screenshot
མཁན་པོ་འཆི་མེད་རིག་འཛིན་ཚང་གི་སྙན་རྩོམ་གསར་ཤོས།
དད་པས་མིག་བཙུམ་གུས་པས་ཐལ་སྦྱར་ནས།།
རྟག་ཏུ་ཡིད་ལ་སེམས་པའི་འཕགས་མཆོག་དག།
དབྱར་གསུམ་འཇའ་སྣེ་ཟུག་སའི་སྤང་ལྗོངས་ན།།
མེ་ཏོག་གཟུགས་ཀྱིས་གབ་པ་མཐོང་ངམ་ཀྱེ།།
ས་གཙང་གཡའ་སྤང་འདྲེས་པའི་རི་ཐང་གི།
འདྲ་འདྲའི་ནང་གི་མི་འདྲའི་སྨན་ལྡུམ་གྱི།།
འཁྲུངས་རབས་རྟོགས་བརྗོད་སྙན་མོས་ཡིད་བསླུས་ནས།།
རྣམ་དཔྱོད་བུང་བའི་འཕུར་ལྡིང་ཕྱོགས་དེར་དྲངས།།
ཕྱག་ན་པདྨོའི་ཐུགས་རྗེའི་སྤྱན་ཆབ་རྒྱུན།།
ཚེ་ཡི་བཅུད་དུ་སྨིན་པའི་མེ་ཏོག་རེའི།།
འདབ་བརྒྱའི་སྡོང་པོ་རླུང་གིས་བསྐྱོད་པ་ན།།
གངས་ལྗོངས་འགྲོ་བའི་ལྷ་དེ་རྗེས་སུ་དྲན།།
ཡ་ཀི་སྨུག་པའི་འཕྲེད་ལམ་བར་མ་ཡི།།
གངས་ཆུ་ཕྲ་མོ་འབབ་པའི་རྡོ་གསེབ་ནས།།
ཏང་ཀུན་དཀར་པོའི་བསུང་གི་དྲི་ཞིམ་གྱིས།།
རྫ་ལུང་སྐམ་པོ་རེ་ལ་དུང་ཞེན་ཆགས།།
ལྷ་ཡི་གོས་གྱོན་མཉེན་ལྕུག་ལྷུ་ལྡེམ་པའི།།
ན་ཆུང་མཛེས་མའི་གཟུགས་ཤིག་མ་མཐོང་ཡང་།།
ངོ་མཚར་སྔོ་ཡི་བུ་མོ་སྤུན་བདུན་ལ།།
ན་བུན་དཀར་པོའི་འོག་ནས་མཇལ་འཛོམས་བྱས།།
མཁའ་ལ་དལ་གྱིས་འཁོར་བའི་གཟའ་ཆེན་འགའི།།
འོད་དང་གྲིབ་ཀྱིས་འཚེ་བ་མང་དུས་འདིར།།
རི་ལས་འཁྲུངས་པའི་དྲང་སྲོང་རཱ་ཧུ་ལར།།
མཛའ་མཐུན་སྤུན་ཟླ་ལ་ཁའི་ཉག་ནས་བསྒྲིགས།།
དྲང་པོར་སྐྱེས་པ་ཧ་ལོའི་མེ་ཏོག་དང་།།
འཁྱོག་པོར་འཁྲིལ་བའི་དབྱི་མོང་དཀར་པོ་སོགས།།
འདྲ་མིན་རྩི་ཤིང་ལོ་མའི་དགའ་ཚལ་ནས།།
རྟེན་འབྱུང་རིག་པའི་ཤེས་བྱ་མང་ཙམ་རྙེད།།
གསར་དར་གློག་འཕྲུལ་སྒྱུ་མའི་ལོངས་སྤྱོད་བརྒྱས།།
ལྷིང་འཇགས་ཞི་བདེའི་རྒྱ་མཚོ་དཀྲུགས་པའི་དུས།།
རང་བྱུང་སྔོ་ལྗང་རི་ཆུའི་མཛེས་སྡུག་གིས།།
ལུས་སེམས་ལྐོག་ནས་གསོས་པའི་གསང་བ་གོ།
ལྷ་ཡི་བདེན་ཚིག་མི་ཡི་བསོད་ནམས་ལས།།
ཡོངས་སུ་འཁྲུངས་པའི་སྨན་གྱིས་ཕྱོགས་ཀུན་ཁྱབ།།
འཆི་མེད་བདུད་རྩིའི་དྭངས་བཅུད་མྱོང་ཤེས་ན།།
མཐོ་རིས་ལང་ཚོའི་དཔལ་ཡོན་མགྲོན་དུ་འགུགས།།
ཁྱད་འཕགས་ཡོན་ཏན་གཞན་གྱིས་མ་ཤེས་ནས།།
རྟག་ཏུ་བཤུམ་པའི་མེ་ཏོག་རྣམ་གསུམ་གྱི།།
གདུང་སེལ་གཏམ་འདི་མཐོང་ཐོས་སྐྱེ་བོ་ཀུན།།
ཚེ་རིང་ནད་མེད་བདེ་དགས་འཚོ་བར་ཤོག།
བསམ་ཚུལ་ཕྲིས།