གོ་ཡེ་ཤེས་རྒྱ་མཚོའི་སྙན་ངག་གསར་པ།

རྩོམ་ཡིག་འདི་ཐེངས་ 36 བཀླགས་འདུག


ཉི་ནུབ་ལ་བྲིས་པ།

གོ་འཇོ། ཡེ་ཤེས་རྒྱ་མཚོ།

ནུབ་ཀྱི་རི་བོའི་ཕྲག་ནས།།
ཕྱིར་མིག་ཚུར་ལ་གཟིགས་མཁན།།
གསེར་གྱི་མེ་ལོང་མ་རེད།།
དགོང་ཁའི་ཉི་མ་རེད་ཤག།

མཚམས་སྤྲིན་ཐོད་ལ་འཕྱར་བ།།
མཛེས་པའི་ལ་ཐོད་མིན་ན།།
ཡངས་པའི་མི་ཡུལ་འདི་ལ།།
བྱ་ར་གནང་བ་ཨེ་ཡིན།།

སྤྲིན་པའི་གསེང་ནས་འཕྲོས་པའི།།
ཉི་ཟེར་རྣམ་པ་ཡག་ལ།།
གནམ་སའི་བར་ན་འཕྱུར་བའི།།
དུ་བའི་རྨུ་ཐག་མཛེས་པ།།

ཨ་སྔོན་མཐོ་ཞིང་ཡངས་ལ།།
ནུབ་རི་གནག་ཅིང་སྣུམ་པ།།
ང་རང་ཉི་ཟེར་སྟེང་གི།
སྤྲིན་པ་ཡིན་ན་བསམས་བྱུང་།།

བྱ་ཁྱུའི་ཕྲེང་རྡང་རིང་མོ།།
དོ་དགོང་མཁའ་ནས་མངོན་པ།།
ཉི་མ་ནུབ་ལ་བཞུད་པར།།
སྐྱེལ་མ་གནང་བ་མིན་འགྲོ།།

སྤྲིན་དམར་མཚོ་མོའི་འཇིངས་སུ།།
ཁྲུས་ལ་ཞུགས་པའི་ཉི་མས།།
ང་དང་གནས་འདིའི་མི་ལ།།
འདི་སྣང་ནུབ་ཚུལ་སྟོན་འདུག།

ལ་མོ་བརྒལ་བའི་ཉི་མ།།
སང་ཉིན་ཚུར་ལ་ཕེབས་ཀྱང་།།
ལོ་ཟླས་ཟོས་པའི་མི་ཚེ།།
ཕྱིར་ལོག་བྱེད་རྒྱུ་ཡོད་དམ།།

2026/10/29

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *