གོ་འཇོ་བསོད་སྟོབས་ཀྱི་སྙན་ངག་གསར་པ།
རྩོམ་ཡིག་འདི་ཐེངས་ 66 བཀླགས་འདུག
ངེད་ཚོའི་རིག་གནས་ཀྱི་འདས་མ་ད་གསུམ།
གོ་འཇོ་བསོད་སྟོབས།
རྡོ་ཆག་རལ་གྲིས་རི་དྭགས་ཤ་པགས་ཕྱེས། །
རུས་པའི་ཁབ་ཀྱིས་ཀོ་བའི་ཐུལ་པ་བཙེམས། །
རྐང་རྗེན་ནགས་ན་རྒྱུ་བའི་མི་ཚོགས་ཤིག །
གངས་ཀྱི་སུལ་ནས་འཚོ་བའི་མེ་ཁ་གསོས། །
བྲག་རྡོ་ཐབ་ལ་བཞུ་བའི་སྙིང་རུས་དང་། །
འཇིམ་པ་མེ་ལ་སྲེག་པའི་བློ་གྲོས་ཀྱིས། །
ཟངས་རྫའི་སྣོད་ཆས་བཟོ་བའི་མེས་པོ་ཚོས། །
གྲང་བའི་ཡུལ་ན་གཞིས་ཀྱི་ཁྱིམ་སོ་ཚུགས། །
རི་སྐྱེས་གཡུང་ལ་ཕབ་ནས་སྒོ་ཟོག་དང་། །
ཐང་རྒོད་ཞིང་དུ་རྨོས་ཏེ་སོ་ནམ་བྱས། །
བསྐལ་པའི་ཡུན་ལ་བསགས་པའི་ཉམས་མྱོང་གིས། །
ཐུན་མིན་མཐོ་སྒང་ཡུལ་གྱི་རིག་གནས་བསྐྲུན། །
རི་བོའི་ལྷ་བརྔན་ཆུ་བོའི་ཀླུ་ཡང་མཆོད། །
གཤིན་གྱི་ལྕག་དང་གསོན་གྱི་བདུད་ཀྱང་བཏུལ། །
སྲིད་པ་བོན་གྱི་ཆོ་ག་སྣ་ཚོགས་ཀྱིས། །
འདི་ཕྱིའི་ལེགས་པ་ཡོད་རྒུ་སྒྲུབ་པར་བྱས། །
ལུས་ཀྱི་འདུ་འཁྲུག་གསོ་དཔྱད་སྨན་གྱིས་གསོས། །
ཉི་ཟླའི་འཁོར་འགྲོས་ས་ཡི་རི་མོས་བརྩིས། །
ངོ་མཚར་སྒང་པ་བོད་ཀྱི་རིག་གནས་ཞེས། །
འདྲ་བའི་ནང་ན་མི་འདྲའི་ཁྱད་ཆོས་ཆེ། །
སྐད་ཀྱི་མཚོན་བྱེད་ཡི་གེའི་རི་མོ་བཟོས། །
རྒྱ་གར་ཆོས་གཞུང་རང་གི་སྐད་དུ་བསྒྱུར། །
སྐྱེ་དང་འཆི་བ་ལུས་དང་རྣམ་ཤེས་སོགས། །
གསང་བ་ཟབ་མོའི་དོན་གྱི་ཡིན་ལུགས་གླེང་། །
བྱང་མཐའི་བྱེ་ཐང་ནུབ་མཐའི་རྩྭ་ཐང་དང་། །
ཤར་གྱི་ནགས་ཀླུང་ལྷོ་ཕྱོགས་གངས་ཀྱི་རི། །
དམག་རྟའི་རྨིག་པས་བཤག་པའི་ལོ་རྒྱུས་ཀྱི། །
སུམ་གཉིས་ས་ཁྲ་ཁྲག་གི་རི་མོས་བྲིས། །
རལ་གྲིའི་འཕྲུལ་ཤེས་དཔུང་པའི་ཤ་རྒོད་རྒྱས། །
འཕོང་གི་རྩལ་བྱང་རོ་སྟོད་བྲང་ཞེང་ཡངས། །
འཁོར་གསུམ་འབྲལ་མེད་རྐེད་པ་རྡོ་རྗེ་འདྲ། །
ཡར་ཀླུང་བཙན་པོའི་བུ་ཡི་ལུས་ཚུགས་ཡིན། །
ཤེད་ཀྱིས་གླང་ཆེན་གསོན་པོ་ཕྲག་ལ་འདེགས། །
རྩལ་གྱིས་ལྷ་སའི་གཙང་པོར་གོམ་པས་ལྡིང་། །
དཔའ་ཡིས་སྟག་གི་ཡ་ཁ་ལག་པས་མཉེད། །
རྒོད་ཀྱི་སྟོང་སྡེ་དྲུག་ཅུ་འགྲན་ཟླ་བྲལ། །
འབྲོང་མོ་ཐང་ལ་བྲོས་པ་བང་གིས་བཟུང་། །
ཆུ་ཆེན་ཐུར་ལ་རྒྱུག་པ་རྐྱལ་གྱིས་བཤགས། །
རྟ་མཆོག་བང་གི་སྟེང་ནས་སྤོ་ལོ་རྩེད། །
སྐྱེས་པ་ཕོ་རྣམས་སྣ་ཚོགས་རྩལ་ལ་བྱང་། །
སྨྲ་བའི་སྒོ་ཡངས་གཏམ་ལ་དཔེ་ཡིས་བརྒྱན། །
ཤགས་ཀྱི་མཆུ་རྣོ་ཕ་རོལ་ཟིལ་གྱིས་མནན། །
མགུར་དང་གླུ་རྣམས་མ་བསླབས་ཞོར་དུ་ཤེས། །
བསྐལ་པ་བཟང་དུས་རང་ངོ་ཆོད་དུས་རེད། །
སྐྲ་དང་རྫི་མའི་ནག་ས་དགྲ་ལ་བསྟན། །
སོ་དང་སེན་མོའི་དཀར་ས་གཉེན་ལ་བྱེད། །
སྤྱི་ཆུས་གྲུ་བཞི་གཅིག་ལ་རྡོག་པ་གཏད། །
ཕྱི་ནང་ས་མཚམས་མ་ནོར་ཤེས་དུས་ཡིན། །
དེང་སང་སྙིགས་མ་མི་ཤི་ཁྱི་ལུས་རེད། །
ལུས་ཀྱི་ཚིལ་རྒྱས་ལྟོ་བ་ཐུར་དུ་ལུག །
ཕོ་རྩེད་སྣ་དགུ་ཞུས་ན་ཟུར་ཟ་སྟེ། །
ལྷམ་གྱི་སྒྲོག་གུར་ལག་པས་སྙོབ་ཀྱི་མེད། །
མཛེས་མ་བུ་ཁྲིད་ལྕེ་ལ་མདུད་པ་ཐེབས། །
ཕ་སྐད་མི་འགྲོལ་བུ་ལ་གཞན་སྐད་བསླབས། །
ངག་གི་རྩལ་དང་མིང་གི་མངོན་བརྗོད་སོགས། །
ཡ་ཐོག་བསྐལ་པ་སྟོང་གི་གོང་ན་ལུས། །
ཟ་ཆུས་མ་གཏོགས་སྤྱི་ཆུས་གླེང་མཁན་མེད། །
མགོ་རྣ་ཕོ་རུས་ཕུ་ནུའི་ནང་ནས་བརྩད། །
རྒྱལ་ཕམ་ཞེ་སྡང་ཆོས་བརྒྱུད་བར་ལ་ཆེ། །
རང་ཆུས་རང་གིས་བཤིག་པའི་དུས་ཤིག་ཡིན། །
མེས་པོ་འགྲེང་ནས་འགྲོ་བ་ཚུན་ཆོད་ནས། །
ལོ་ངོ་ཁྲི་ཕྲག་ཡུན་ལ་བསགས་པའི་ནོར། །
ཆོས་རིག་རིན་ཆེན་ཕུང་པོ་ཡོད་དོ་ཅོག །
ཀྱེ་མ་དུར་དུ་སྦས་པའི་དུས་ཀྱང་བྱུང་། །
ད་ནི་ཅི་བྱ་ངེད་ཚོས་བདམ་པ་སྟེ། །
རང་གཤིས་བོར་ནས་གཞན་གཤིས་ཨེ་ལོབ་བལྟ། །
རང་མིན་གཞན་མིན་བ་མིན་གླང་མིན་གྱི། །
མཛོ་མོའི་རྟོ་ལེ་ཙམ་ཞིག་ཨེ་ཡོང་བལྟ། །
དྲང་བདེན་བརྩི་བའི་མི་ཆོས་བསྐྱུར་ནས་འཇོག །
རྒྱུ་འབྲས་སྲུང་བའི་ལྷ་ཆོས་གཡུགས་ནས་འགྲོ། །
རྐང་པ་བཅིངས་ནས་མཛེས་མ་ཨེ་ཡོང་བལྟ། །
འབྲས་བུ་བྲེགས་ནས་ཉུག་རུམ་ཨེ་འཇོན་བལྟ། །
ཕ་མ་བདས་ནས་མནའ་མ་ཨེ་མཉེས་བལྟ། །
བྱིས་པ་བཙོང་ནས་ཕྱུག་པོ་ཨེ་ཆགས་བལྟ། །
ཆུ་འབུ་གློ་ཉས་ཤ་ཚབ་ཨེ་ཡོང་བལྟ། །
སྡིག་སྲིན་རྐང་གིས་མར་ཚབ་ཨེ་ལོ་བལྟ། །
ཨ་མ་ན་ན་ནད་གཡོག་གླ་བས་ཉན།།
ཨ་ཕ་ཤི་རུང་ངུ་མི་གླས་ན་ཆོག །
སྒོར་མོ་ཕ་ཡིན་སྒོར་མོ་མ་ཡང་ཡིན། །
འདི་ནི་ངེད་ཚོས་བདམ་པའི་རིག་གནས་ཡིན། །
བསམ་ཚུལ་ཕྲིས།