སྒ་སྐྱེ་རྒུ་མདོ་དང་ཕྱིར་དྲན། 

རྩོམ་ཡིག་འདི་ཐེངས་ 3 བཀླགས་འདུག

སྒ་སྐྱེ་རྒུ་མདོ་དང་ཕྱིར་དྲན། 
                      
         གོ་འཇོ། ཡེ་ཤེས་རྒྱ་མཚོ།

 
       སྔོན་ཆད་ཁོ་བོ་བྱིས་པ་ཡིན་དུས་ཕ་ཡུལ་གྱི་ཡུལ་མི་ཚོས་སྒ་སྐྱེ་རྒུ་མདོ་ལ་ལྕེ་རྐུ་ཞེས་འབོད་ཅིང་། དེ་ནི་གནའ་བོའི་དུས་སུ་ཚོང་པ་དག་ཚོང་བྱེད་དུ་སོང་ནས་གནས་འདིར་ཞག་ལ་ལུས་ན། ཁལ་མ་རྣམས་ཀྱི་ལྕེ་ལྐོག་མའི་འོག་ནས་བྲུས་ཏེ་བརྐུས་འགྲོ་བས་ལྕེ་རྐུ་ཞེས་ཐོགས་པ་ཡིན་ཞེས་གླེང་། ཁོ་བོའི་རྣ་ཐོས་དང་ཡིག་ཆ་འགའ་རེར་གནས་འདིའི་སྐྱེ་རྒུ་དགོན་དེ་དང་ཐོག་བཞེངས་སྐབས་ས་འོག་ནས་ཀྱེ་རྡོ་རྗེའི་སྐུ་ཞིག་ཐོན་པས་དེའི་དབང་གིས་ཀྱེ་སྐུ་ཞེས་སུ་འབོད་པ་ཡིན་ཡང་ཟེར། ཡང་ངག་རྒྱུན་དང་ཡི་གེ་ལ་ལར་སྔོན་ཆད་ད་ལྟའི་སྐྱེ་རྒུའི་ཁོངས་གཏོགས་ཀྱི་ས་ཆ་བྱེ་བྲག་པ་འགའ་རེར་ཡུལ་ཤུལ་ཞེས་འབོད་པ་དེ་ཕྱིས་སུ་རྒྱ་ཇེ་ཆེར་གྱུར་ནས་སྐྱེ་རྒུ་ལའང་ཡུལ་ཤུལ་ཞེས་ཐོགས་པར་བཤད། ད་རུང་སྐྱེ་རྒུ་མདོ་འདི་ཁམས་ཀྱི་མདོ་ཆེན་གསུམ་གྱི་ཡ་གྱལ་ཡིན་པས་མི་མང་པོ་འདུས་སྡོད་བྱ་ས་ཡིན་སྟབས་སྐྱེ་རྒུ་ཞེས་སུའང་འབོད་པར་གྲགས། གང་ལྟར་ད་སྐབས་ནི་སྐྱེ་རྒུ་མདོ་ཞེས་པ་གྲགས་ཆེ་ཞིང་། ཡུལ་ཤུལ་ཞེས་པ་ནི་སྐྱེ་རྒུས་གཙོས་པའི་ཡུལ་ཤུལ་གྱི་རྫོང་ཁག་མང་པོ་ཞིག་གི་སྤྱི་མིང་ལྟ་བུར་གྱུར་འདུག དེ་ལྟ་ན་ཡང་ང་ཚོའི་ཕ་ཡུལ་སོགས་སྐྱེ་རྒུ་དང་ཁ་ཐག་ཉེ་བའི་ཁམས་ཕྱོགས་ཀྱི་མི་མང་པོ་ཞིག་གིས་ད་ལྟ་ཡང་ལྕེ་རྐུ་ཞེས་འབོད་ཀྱི་ཡོད་པ་ལས་སྐྱེ་རྒུ་ཞེས་པའི་སྒྲ་གདངས་འདི་བསླབས་ཀྱང་མི་ལོབ་པ་ཞིག་རེད།
         སྐྱེ་རྒུ་མདོ་ཞེས་པ་འདི་གླེང་ཐེངས་རེ་དང་། ཡང་ན་ཁོ་བོ་སྐྱེ་རྒུ་མདོར་འབྱོར་ཐེངས་རེར། དང་ཐོག་ཡིད་ལ་འཆར་འོང་བ་ནི་ཉིས་སྟོང་བཅུ་ལོའི་ཡུལ་ཤུལ་ས་ཡོམ་ཆེན་མོའི་རྣམ་པ་དེ་རེད། ས་འགུལ་བྱུང་ནས་ད་སྐབས་མི་ལོ་བཅོ་ལྔ་ལྷག་ཙམ་ཞིག་སོང་ཟིན་མོད། འོན་ཀྱང་སྐབས་དེའི་གནས་ཚུལ་དག་ནི་ད་རུང་ཡང་ཁོ་བོའི་མིག་ལམ་དུ་དངོས་སུ་འཆར་དུ་ཡོད་པ་ལྟར་སྣང་། ལོ་དེའི་དཔྱིད་ཀའི་གནམ་གང་གི་ཉིན་ཞིག་ལ། ཉིན་དེའི་སྔ་དྲོར་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་པའི་གནས་ཚུལ་ཐོས་ཤིང་། སྐབས་དེར་གནས་ཚུལ་གསལ་ཤོས་ཐོས་མཁན་ནི་མ་ཡུམ་སློབ་གླིང་དུ་སློབ་གཉེར་གནང་བཞིན་པའི་ཡུལ་ཤུལ་གྱི་སློབ་གཉེར་པ་དག་ཡིན་པས། ཁོང་ཚོ་མང་པོ་ཞིག་གིས་གྲོས་བསྡུར་གནང་སྟེ་དེའི་ཉིན་མོ་ནས་ཕ་ཡུལ་དུ་རོགས་སྐྱོར་དུ་ཕྱིན་པ་འདྲ། ཕྱི་ཉིན་མོར་ས་ཡོམ་གྱི་གནོད་པ་ཚབས་ཆེན་ཡིན་པ་ཡང་ཡང་ཐོས་ལ། ཡུལ་ཕྱོགས་འདྲ་མིན་ནས་འདུས་པའི་མཆེད་གྲོགས་མང་པོ་ཞིག་ཀྱང་རོགས་སྐྱོར་དུ་འགྲོ་བཞིན་འདུག་པས། ངེད་ཅག་འཛིན་གྲྭ་གཅིག་པའི་མཆེད་གྲོགས་སྐོར་ཞིག་གིས་གཙོས་པའི་གྲོགས་པོ་འགས་ཀྱང་འཁོར་ཕྲན་གཉིས་གླས་ཏེ་ཉིན་དེའི་ཕྱི་དྲོའི་རྩོད་པ་གྲོལ་རྗེས་སྐྱེ་རྒུ་མདོ་རུ་རོགས་སྐྱོར་ལ་ཕྱིན་པ་ཡིན། 
          མི་ལོ་བཅོ་ལྔའི་ཡར་སྔོན་གྱི་གཞུང་ལམ་དག་ནི་ད་ལྟ་ནང་བཞིན་གྱི་བདེ་མོ་དེ་འདྲ་མ་ཡིན་པས། ངེད་ཚོ་མཚན་འགྲོས་ཀྱིས་ཕྱིན་ཀྱང་ཕྱི་ཉིན་ཆུ་ཚོད་བཞི་པའི་བར་དུ་སྐྱེ་རྒུ་མདོ་རུ་མ་སླེབས། ངེད་ཚོ་སྐྱེ་རྒུ་མདོ་རུ་སླེབས་ལ་ཁད་དེར་རི་གདོང་ཞིག་གི་ཁུག་ཏུ་ཁྱིམ་ཚང་ཞིག་གིས་འཕོ་བ་འདོན་སར་ཡོང་རོགས་ཟེར་ཞིང་། སྐབས་དེར་ཁྱིམ་ཚང་དེའི་སྒོ་ཁ་ན་བུད་མེད་དར་མ་ལག་ན་འཁར་བ་བཟུང་ཡོད་པ་ཞིག་གིས། ང་ཚོར་ཁ་ཕྱོགས་ཏེ་ཁང་ཞབས་སུ་ཕུང་པོ་གཉིས་བཞག་ཡོད། ཁང་ཐོག་ཏུ་ཡང་ཕུང་པོ་གཉིས་བཞག་ཡོད། ད་ངས་ཅི་བྱེད་དགོས་རེད་ཅེས་ངེད་ཚོའི་ལག་པ་ནས་འཇུས་ཏེ་སྡུག་ཡུས་ཆེན་པོས་ཤོད་ཀྱི་འདུག གནས་དེའི་ཚེ་འདས་དག་གི་ཆེད་དུ་འཕོ་བ་དང་བསྔོ་སྨོན་བཏོན་རྗེས་ངེད་ཚོ་སྔར་བཞིན་ལམ་དུ་ཆས་ཏེ་སྐྱེ་རྒུ་མདོ་རུ་སླེབས། གནས་དེར་འབྱོར་དུས་སྐྱེ་རྒུ་མདོ་ནི་ཁང་ལོག་དང་གྱང་རོས་ཁེངས་འདུག་ཅིང་། ཁྱིམ་ཚང་འགའ་རེར་ཁྱིམ་མི་བཅུ་ལྷག་ཡོད་པ་ཚང་མ་ཁང་འོག་ཏུ་མནན་ནས་ཤི་བའང་ཐོས། དེའི་ཉིན་ནམ་ཡང་ན་ཕྱི་ཉིན་མོར་ཡིན་དྲན་གྱི་མི་འདུག་མོད། ཕྱོགས་ཕྱོགས་ནས་དགེ་འདུན་པ་ཤིན་ཏུ་མང་པོ་འདུས་ཡོད་པ་དག་སྐྱེ་རྒུ་དགོན་པའི་ཞབས་དེར་གཤིན་པོ་རྣམས་ལ་འཕོ་བ་དང་བསྔོ་སྨོན་འདོན་དུ་སོང་ཞིང་། སྐབས་དེར་སྐྱེ་རྒུ་དགོན་པའི་འཆམ་རའི་ནང་དུ་གོན་པ་ཡོད་མེད་ཀྱི་ཕུང་པོ་བདག་མེད་རྐྱང་རྐྱང་དགུ་བརྒྱ་ལྷག་ཅིག་སྤུངས་འདུག་པ་མཐོང་ལ། ཁོ་བོའི་མི་ཚེ་འདིར་ཕུང་པོ་དེ་འདྲ་མང་པོ་དངོས་སུ་མཐོང་བ་ཐེངས་དང་པོ་ཡིན་ལ་ཕལ་ཆེར་ཐ་མའང་ཡིན་སྲིད། ངེད་ཚོས་འཇོར་དང་སྦྱག་མ་བཟུང་སྟེ་སྐྱེ་རྒུ་མདོའི་ཕྱོགས་ཕྱོགས་སུ་མང་ཚོགས་དག་ལ་རོགས་པ་བྱེད་དུ་འགྲོ་དུས། ས་འགུལ་ཁྲོད་དུ་རང་གི་ཁྱིམ་མི་འདས་གྲོངས་སུ་ཕྱིན་པའི་ཤུལ་ལུས་ཀྱི་ནང་མི་ཚོས་རབ་བྱུང་བ་མང་པོ་མཐོང་དུས་མིག་ནས་མཆི་མ་བཞུར་བཞིན། ཁོང་ཚོའི་ནང་མི་ལ་གོད་ཆགས་འདི་དང་འདི་འདྲ་བྱུང་སོང་ཞེས་སེམས་སྐྱོ་བའི་ངང་ནས་ཤོད་ཀྱི་འདུག
           ད་རུང་ཁོ་བོས་གསལ་པོར་དྲན་པ་ཞིག་ལ། ངེད་ཚོ་མང་ཚོགས་ལ་རོགས་པ་བྱེད་དུ་སོང་དུས། རས་གུར་ཞིག་གི་ནང་ནས་ཁམས་འཇོ་མདའ་ནས་ཡིན་པའི་ཁྱིམ་ཚང་ཞིག་དང་ཐུག་ཅིང་། ཁྱིམ་དེར་ཕྲིན་ལས་དབྱངས་ཅན་ཞེས་པའི་བུ་མོ་ལོ་བཅུ་དྲུག་ལོན་པ་ཞིག་ཀྱང་འདུག མོའི་ཨ་ཞང་གིས་བཤད་པ་ལྟར་ན། ༤.༡༤ཉིན་གྱི་སྔ་དྲོར་ཕྲིན་ལས་དབྱངས་ཅན་ཐོག་བརྩེགས་བཞི་ལྡན་གྱི་ཁང་པ་ཞིག་གི་བརྩེགས་འོག་མའི་ཚོང་ཁང་ནང་དུ་བསྡད་ཡོད་ཅིང་། ས་འགུལ་བྱུང་སྟེ་ཁང་པ་བརྡིབས་པའི་དབང་གིས་མོ་རང་ས་འོག་ཏུ་མནན། འོན་ཀྱང་། སྟབས་ལེགས་པ་ཞིག་ལ་མོ་རང་ཆ་སྒམ་དང་ནེམ་ཁྲིའི་བར་ན་ཚུད་པས་ལུས་ལ་གནོད་སྐྱོན་གང་ཡང་མ་བྱུང་ཞིང་། ཆུ་ཚོད་དྲུག་ཅུ་ལྷག་ལ་ས་འོག་ཏུ་ལུས་མཐར་རྫ་སེར་ཤུལ་དགོན་པའི་གྲྭ་པ་དྲུག་ཅུ་ལྷག་ཙམ་གྱིས་དཀའ་ངལ་ཁྱད་བསད་ཀྱིས་ས་རོ་རྡོ་རོ་རྣམས་བསལ་ཏེ། བུ་མོ་ས་ཞབས་ནས་བཏོན་ནས་སྲོག་ཉེན་ལས་བསྐྱབས་གནང་བ་རེད་ཅེས་ཟེར། བུ་མོ་ཕྲིན་ལས་དབྱངས་ཅན་གྱིས་གསུངས་ན། མོ་རང་ས་ཞབས་སུ་ཚུད་པའི་རིང་ལ་ཉིན་མོར་ལམ་སྟེང་དུ་མི་འགྲོ་བཞིན་པ་གོ་ཡི་འདུག་པས་སྐབས་དེར་མོས་ས་འོག་ནས་ཅི་ཙམ་བོས་ཀྱང་ཉིན་མོའི་འུར་སྒྲས་བསྒྲིབས་ཏེ་སྟེང་གི་མིས་གོ་ཡི་མི་འདུག དེ་ལྟར་ཉིན་མཚན་ཁ་ཤས་སོང་རྗེས། ཉིན་ཞིག་ཨ་ཞང་གིས་མོ་གསོན་ཡོད་མེད་ལྟ་རུ་ཡོང་སྟེ་གནས་དེར་ཉན་རྣ་བྱེད་པ་དང་། མོས་ཀྱང་ས་འོག་ནས་བོས་པ་གཉིས་སྐབས་ཁེལ་ཏེ་མོ་རང་ས་འོག་ཏུ་ཡོད་པ་གོ་བ་རེད་ཅེས་ཟེར། རང་གི་ཚ་མོའི་སྐད་གོ་འཕྲལ་མགྱོགས་མྱུར་སྐབས་དེའི་མྱུར་སྐྱོབ་པ་དག་ལ་འབྲེལ་བ་བྱས་ནས་ཚ་མོ་སྐྱོབ་རོགས་ཞེས་ཞུས་པས། ཁོང་ཚོས་ཉེན་ཁྱི་དག་ཁྲིད་དེ་གནས་དེར་ཞིབ་ཏུ་བཙལ་ཀྱང་ས་འོག་ཏུ་མི་གསོན་པོ་ཞིག་ལྷག་མི་འདུག་ཅེས་སྨྲ་ཡི་འདུག་པས། མཐར་སེར་ཤུལ་དགོན་པའི་དགེ་འདུན་པ་དག་ལ་རེ་བ་ཞུས་པ་ཡིན་ཞེས་བུ་མོའི་ཨ་ཞང་གིས་གསུངས། སྐབས་དེར་ངེད་ཚོས་བུ་མོ་ཕྲིན་ལས་དབྱངས་ཅན་ལ་ས་ཞབས་སུ་གནས་རིང་དཀའ་ངལ་ཆེ་ཤོས་ག་རེ་ཕྲད་བྱུང་ཞེས་དྲིས་པར། མོས་དཀའ་ངལ་ཆེ་ཤོས་དེ་ས་འོག་ཏུ་གནས་རིང་ཕོ་བ་ལྟོགས་པའི་གནས་ཚུལ་དང་ཕྲད་པ་དེ་རེད་ཅེས་གསུང་གི་འདུག
        ཡུད་ཙམ་ཞིག་ལ་མི་ལོ་བཅོ་ལྔ་ལྷག་སོང་ཟིན་འདུག ད་སྐབས་སྐྱེ་རྒུ་མདོའི་གྲོང་འདབས་ན་ས་འགུལ་གྱི་གནོད་པ་ཐེབས་པའི་ཁང་པ་ཞིག་རལ་གཅིག་རང་མཐོང་དུ་ཡོད་པ་ལས་གཞན། སྐྱེ་རྒུ་མདོའི་མི་དག་གིས་ནི་སྔོན་ཆད་ཀྱི་དོན་དག་དེ་ཚོ་བརྗེད་ཟིན་པ་བཞིན་གྱུར་ཏེ་སྤྱི་འགྲོས་ལྟར་ཁང་བརྩེགས་དང་གྲོང་ཁྱེར་གྱི་འུར་ཟིང་གི་ཁྲོད་ན་འཚོ་བ་རོལ་བཞིན་མཆིས། ས་ཡོམ་རྗེས་ཀྱི་མི་ལོ་དུ་མའི་རིང་ལ་ཁོ་བོས་སྐྱེ་རྒུ་མདོའི་གནས་ཚུལ་ཐར་ཐོར་རེ་རྒྱང་ནས་ཐོས་པ་ཙམ་ལས་ཡུལ་འདིར་དངོས་སུ་སླེབས་པའི་གོ་སྐབས་མ་བྱུང་མོད། འོན་ཀྱང་། ད་ལོར་དོན་དག་འགའ་རེའི་དབང་གིས་གནས་འདིར་ཐེངས་ཁ་ཤས་ལ་སླེབས་ཤིང་། དེའི་ཚེ་ཉིན་ཤས་ལས་མ་བསྡད་པས་གྲོང་ཁྱེར་ནང་གི་སྣོད་བཅུད་གཉི་ག་ལ་ཆ་རྒྱུས་ཞིབ་ཕྲ་མ་ལོན་ཡང་། གླ་གཏོང་ཁ་ལོ་པ་དག་གི་སྐད་ཆ་ལ་ཉན་ན་བོད་ཁུལ་གྱི་གྲོང་ཁྱེར་གཞན་དག་དང་འདྲ་བར་གནས་འདིའི་ལོ་ཆུང་དག་གིས་རང་སྐད་སྣང་མེད་དུ་དོར་བའི་གནས་ཚུལ་ནི་ཧ་ཅང་ཚབས་ཆེན་ཡིན་པར་ཐོས། ཁོ་བོ་གྲོགས་པོའི་རླངས་འཁོར་དུ་བསྡད་དེ་གནས་འདིའི་སྲང་ལམ་མང་པོ་ཞིག་ཏུ་ཡར་མར་ལ་སོང་བའི་མཐོང་སྣང་དངོས་ནི། ཡུལ་འདིའི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་དང་དངུལ་ཁང་སོགས་མདོར་ན་ཁང་པ་དག་གི་སྒོ་བྱང་གི་བོད་ཡིག་རྣམས་ཤིན་ཏུ་ཆེ་ལ། སྤུས་དག་པ་དང་། ད་དུང་ཡིག་ནོར་ཡང་དེ་འདྲ་མང་པོ་མཐོང་རྒྱུ་མེད་པ་ཞིག་འདུག་ལ། མཆེད་གྲོགས་དོན་གྲགས་ལགས་ཀྱིས་གསུངས་པ་ལྟར་ན་སྒོ་བྱང་ཕལ་ཆེ་བའི་འགྱུར་ཡང་ཤིན་ཏུ་ལེགས་པོ་ཡོད་པ་འདྲ། སྐད་ཆ་དྲང་པོར་ཞུས་ན། ཁོ་བོ་མདོ་དབུས་ཁམས་གསུམ་གྱི་གྲོང་དང་གྲོང་ཁྱེར་མང་པོ་ཞིག་ཏུ་སོང་མྱོང་མོད། འོན་ཀྱང་། སྐྱེ་རྒུ་མདོའི་སྒོ་བྱང་ལྟར་བོད་ཡིག་ཆེ་ལ་སྤུས་དག་ཅིང་། དངོས་གཙང་བ་དེ་འདྲ་ནི་དེ་སྔོན་གང་དུ་ཡང་རིག་མ་མྱོང་ངོ་། །
         སྔོན་ཆད་ཁོ་བོ་སྐྱེ་རྒུ་མདོར་སླེབས་དུས་ས་ཡོམ་གྱི་རྐྱེན་གྱིས་སྣོད་བཅུད་ཡོད་ཚད་ཟིང་ཟིང་ལོང་ལོང་དུ་གྱུར་པས་གནས་འདིའི་རྟེན་གྲགས་ཅན་ཏེ་རྒྱ་ནག་མ་ཎི་ལ་མཇལ་བར་འགྲོ་ཁོམ་མ་བྱུང་། དེར་བརྟེན་ད་ལོར་ཆེད་དུ་རྒྱ་ནག་མ་ཎིར་མཇལ་བར་ཐེངས་དུ་མར་སོང་སྟེ་རྒྱ་ནག་མ་ཎིའི་ཕྱི་ནང་གི་རྟེན་བརྟེན་པ་དག་ལ་ཞིབ་ཏུ་མཇལ་བ་ཡིན། དང་ཐོག་ཁོ་བོས་རྒྱ་ནག་མ་ཎི་ཞེས་གོ་དུས་དེ་ནི་ཕལ་ཆེར་རྒྱ་བཟའ་ཀོང་ཇོས་བཞེངས་པའི་རྡོ་མཁར་ཞིག་ཡིན་སྣང་འཆར་མྱོང་མོད། འོན་ཀྱང་། དོན་དངོས་སུ་ངའི་བསམ་ཚུལ་དེ་ནི་ནོར་བ་ཞིག་སྟེ། མཚན་སྙན་ཕྱོགས་དང་ཕྱོགས་སུ་གྲགས་པའི་རྒྱ་ནག་མ་ཎི་ནི། རྒྱ་ནག་རྟོགས་ལྡན་བྱང་ཆུབ་འཕགས་དབང་གིས་སྤྱི་ལོ ༡༧༡༥ ལོར་དངོས་སུ་ཕྱག་བཏབ་གནང་ཞིང་། ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་རིང་ལ་དུས་ཀྱི་འགྱུར་བ་དང་བསྟུན་པའི་དར་རྒུད་སྣ་ཚོགས་ཤིག་བརྒྱུད་དེ་ད་ལྟའི་རྣམ་པ་འདི་གྲུབ་པ་རེད་འདུག དེ་ཡང་ད་སྐབས་ཀྱི་རྒྱ་ནག་མ་ཎིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ ༥༨༤༨༥.༥ ཙམ་ཡོད་པར་བཤད་ཅིང་། ནང་དུ་མ་ཎིས་གཙོས་པའི་གཟུངས་སྔགས་སྣ་ཚོགས་ཀྱིས་གང་ནས་ཡོད། གནས་འདིར་སྔར་ས་སྐྱའི་བདག་ཆེན་ཤེས་རབ་རྒྱལ་མཚན་གྱིས་ཕྱག་མཛུབ་ཀྱིས་བྲིས་ནས་གཏེར་དུ་སྦས་ཏེ། ཕྱིས་སུ་རྒྱ་ནག་རྟོགས་ལྡན་བྱང་ཆུབ་འཕགས་དབང་གིས་གཏེར་ནས་བཞེས་པའི་མ་ཎི་རང་བྱོན་གཉིས་ཀྱིས་གཙོས་སྔོན་ཆད་ཀྱི་རྟེན་བྱིན་ཅན་མང་པོ་མཇལ་རྒྱུ་ཡོད་ཅིང་། གནས་འདིའི་སྐོར་ལམ་ནི་ཡངས་ཤིང་རྒྱ་ཆེ་ལ། དད་ལྡན་གྱི་བོད་མི་ཤིན་ཏུ་མང་པོས་སྤྲོ་སྣང་དོད་དོད་དང་། འཚང་ཁ་ཤིག་ཤིག་གིས་སྐོར་བ་བྱེད་ཀྱིན་པའི་རྣམ་པ་དེས། དངོས་གནས་ལྷ་སའི་བར་སྐོར་གྱི་གང་ཞིག་ཏུ་སླེབས་པ་མིན་ནམ་སྙམ་པའི་ཚོར་བ་རང་ཤུགས་སུ་སྟེར་བར་བྱེད་ལ། ད་དུང་སྐོར་ལམ་གྱི་ཉེ་འགྲམ་དག་ཏུ་ལྷ་སའི་ཇ་མངར་མོ་དང་བོད་ཐུག་བཏུང་སའི་ཇ་ཁང་ཡང་མཆིས།
        ཁོ་བོ་རྒྱ་ནག་མ་ཎི་མཇལ་བར་ཡོང་ཐེངས་རེར་དེ་གའི་སྐོར་ལམ་དུ་སོང་ནས་སྐོར་བ་ཁ་ཤས་རེ་ཨེ་ཕོག་ལྟ་གི་ཡོད། སྐབས་དེར་ཁོ་བོའི་སེམས་སུ་འདི་ལྟར་དྲན་འོང་སྟེ། དེང་གི་དུས་འདིར་ང་ཚོ་བོད་མི་དག་རྫོང་དང་གྲོང་ཁྱེར་སོགས་སུ་འདུས་སྡོད་བྱེད་པ་ཤིན་ཏུ་མང་ཞིང་། འདུས་སྡོད་བྱ་སའི་གྲོང་ཁྱེར་དེར་འདི་ལྟ་བུའི་དད་རྟེན་རྩ་ཆེན་རེ་ཡོད་པ་དེའང་གང་ས་ཅི་ཐད་ནས་ཤིན་ཏུ་གལ་ཆེ་བ་དང་། བོད་མི་ཁོ་རང་ཚོའི་བསོད་ནམས་ཀྱང་ཡིན་པར་སྣང་སྟེ། དཔེར་ན། ལྷ་སའི་ཇོ་ཁང་དང་། སྡེ་དགེའི་པར་ཁང་། རྒྱ་ནག་མ་ཎི་སོགས་ལ་སྐོར་བ་ལ་འགྲོ་བཞིན་པའི་བོད་མི་དག་ནི། ནམ་རྒྱུན་རང་གིས་བསྒྲུབ་དགོས་པའི་འཚོ་ཚིས་ཀྱི་བྱ་བ་རྣམས་བསྒྲུབས་ཟིན་རྗེས། དུས་ཚོད་ལྷག་མ་ཅུང་ཟད་ཡོད་པ་ཆུད་ཟོས་སུ་མི་གཏོང་བར་དམ་པ་གོང་མས་བྱིན་གྱིས་བརླབས་པའི་རྟེན་རྩ་ཆེན་དག་ལ་དད་འདུན་རྣམ་དག་གིས་ཀུན་ནས་བསླངས་ཏེ་སྐོར་བ་ལ་སོང་ཞིང་། དེ་ལྟར་སྐོར་བ་ལ་སོང་བ་དེས་རྟེན་བྱིན་ཅན་དག་ལ་འབྲེལ་བ་བཟང་པོ་རེ་ཞོག་འགྲོ་བ་དང་། ཕྱོགས་གཅིག་ནས་རང་གི་འཚོ་བའི་ཁྲོད་དུ་བྱུང་བའི་སྡུག་བསྔལ་སྣ་ཚོགས་ཇེ་ཡང་དུ་འགྲོ་ལ། རང་གི་ལུས་པོ་ལ་ཡང་སྦྱོང་བརྡར་ཐེབས་པས་ནད་རིགས་སྣ་ཚོགས་དང་ཁ་བྲལ་བར་འགྱུར་བ་སོགས་འདི་ཕྱི་གཉིས་ཕན་གྱི་བྱ་བ་ཡིན་པས། དད་མེད་ཁོག་སྟོང་གི་མི་དག་ནམ་རྒྱུན་ངོ་འདོམ་པ་གང་རེ་ཐུར་དུ་ལུག་སྟེ་རང་གཅིག་པུར་ཁྱིམ་དུ་སྡུག་སྒུར་བཅས་ཏེ་འདུག་པ་ལས་ལྡབ་འགྱུར་གྱིས་བཟང་བར་སྙམ། 
          སྐྱེ་རྒུ་མདོ་གླེང་དུས་མ་གླེང་ཐབས་མེད་དུ་གྱུར་པ་ནི། སྐྱེ་རྒུ་མདོ་དང་ཐག་ཉེ་བའི་སྤུར་རྒྱལ་བཙན་པོའི་དུས་ཀྱི་མཛད་རྗེས་གསལ་བའི་འབིས་ཁོག་དང་ལེབ་ཁོག་གི་བྲག་བརྐོས་ཀྱི་སྐུ་གསུང་ཐུགས་རྟེན་དག་རེད། ཁོ་བོ་ལེབ་ཁོག་ལ་སོང་མ་མྱོང་བས་གནས་དེའི་བྲག་བརྐོས་རྣམས་དཔེ་དེབ་ལས་མཐོང་བ་ལས་དངོས་སུ་མཇལ་མ་མྱོང་ཡང་། འབིས་ཁོག་གི་བྲག་བརྐོས་ཡོད་སར་ནི་སྐྱེ་རྒུ་མདོའི་གྲོང་ཁྱེར་ནས་ཤར་ལྷོའི་ཕྱོགས་ཀྱི་དཔལ་ཐང་ལ་འགྲོ་སའི་ལུང་པ་དེ་དེད་ནས་སོང་ན་ཡུན་རིང་མི་འགོར་བར་སླེབས་པར་འགྱུར། དེ་ཡང་སྐྱེ་རྒུ་ནས་རླངས་འཁོར་དུ་ཞུགས་ནས་གཞུང་ལམ་དེད་དེ་སོང་ན། ཐོག་མར་སྔར་ས་ཡོམ་སྐབས་སུ་ཞིག་རལ་དུ་སོང་བའི་ཁྲ་འགུ་དགོན་པའི་དགོན་ཤུལ་དང་ཐུག་འོང་ཞིང་། དེ་ནས་ད་རུང་ཡར་ཙམ་ཕྱིན་ན་འབིས་མདའ་རུ་འབྱོར་ལ། དེར་སྔོན་ཆད་ཀྱི་དགོན་རྙིང་ནས་སྤར་བའི་ཁྲ་འགུ་དགོན་པ་ཆགས་ཡོད། ཁྲ་འགུ་དགོན་གཡོན་ཕྱོགས་སུ་བཞག་སྟེ་འབིས་ཀྱི་ལུང་པའི་ནང་དུ་ཡར་ཅུང་ཙམ་ཕྱིན་ན་འབིས་རྣམ་སྣང་ཡོད་སའི་གནས་སུ་ཐོན། དེ་ཡང་གནས་འདི་ནི་ལྷོ་བྱང་གཉིས་སུ་བྲག་རི་ངོ་མཚར་བ་དག་གིས་བསྐོར་ཞིང་། འབིས་རྣམ་སྣང་དེ་ལུང་པ་འདིའི་བྱང་ངོས་ཀྱི་བྲག་ལ་བརྐོས་འདུག རྣམ་པར་སྣང་མཛད་ནི་མེ་ཏོག་པདྨའི་སྟེང་དུ་ཞབས་སྐྱིལ་ཀྲུང་དང་ཕྱག་མཉམ་བཞག་གིས་བཞུགས་ཤིང་། འཁོར་དུ་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར་ལ། གཙོ་འཁོར་དག་གིས་མནབས་པའི་ན་བཟའི་གོང་བ་གཡོན་དུ་བསྣོལ་ནས་ཡོད་པས་གནའ་ཉམས་ཀྱིས་ཕྱུག་པ་ཞིག་འདུག རྣམ་སྣང་བཞུགས་ས་དེར་ལྷ་ཁང་ཞིག་བཞེངས་འདུག་ཅིང་། ལྷ་ཁང་རྒྱབ་ཀྱི་གཡོན་ཕྱོགས་ཀྱི་བྲག་ངོས་ལ་རྒྱ་གར་གྱི་ཡི་གེར་གྲགས་པ་མང་པོ་བརྐོས་འདུག་ཀྱང་། དུས་ཡུན་རིང་ཆེ་བས་ཟད་པར་གྱུར་ནས་གསལ་པོར་མཐོང་གི་མི་འདུག ལྷ་ཁང་གི་རྒྱབ་ཀྱི་གཡས་ཕྱོགས་ཀྱི་བྲག་ངོས་སུ་ནི་རྣམ་སྣང་དང་འཁོར་ཉེ་བའི་སྲས་ཆེན་རྣམས་ཀྱི་བསྟོད་པ་དང་། རྣམ་སྣང་སོགས་བཞེངས་མཁན་གྱི་རྒྱལ་པོ་སོགས་ཀྱི་མིང་བྲིས་པ་ཤིན་ཏུ་རིན་ཐང་ཅན་དེ་མཆིས། 
       འབིས་རྣམ་སྣང་གི་གཡས་ཕྱོགས་ནས་མར་ཙམ་ཡོང་ན་ནུབ་ཕྱོགས་ཀྱི་བྲག་ངོས་རིང་ལ་འཇམ་པ་ཞིག་གི་ངོར་ཕྱོགས་བཅུའི་སངས་རྒྱས་ཀྱི་སྐུ་གཟུགས་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་བཞེངས་ནས་ལོ་ངོ་སྟོང་དང་ཉིས་བརྒྱ་ལྷག་སོང་བ་ཤིན་ཏུ་རྙིང་པ། མཇལ་བ་ཙམ་གྱིས་ལོ་ངོ་སྟོང་གི་གོང་རོལ་གྱི་བོད་ཡིག་གི་འབྲི་ཚུལ་དང་། བཀས་བཅད་མ་བྱས་སྔོན་གྱི་གསུང་རབ་ཀྱི་རྣམ་པ་དག་གསལ་པོར་མཐོང་ཐུབ་པ་ཞིག་མཆིས། ད་དུང་ཁོ་བོར་ཆ་རྒྱུས་དེ་ཙམ་མེད་པའི་དབང་གིས་མཇལ་རྒྱུ་མ་བྱུང་རུང་། གནས་འདིའི་བྲག་ལ་བཙན་པོའི་དུས་སྐབས་སུ་བཞེངས་པའི་བྲག་བརྐོས་ཀྱི་མཆོད་རྟེན་གཉིས་ཡོད་པའང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་ཏུ་གསལ། སྔོན་ཆད་ཀྱི་ངག་རྒྱུན་དང་། དེང་གི་མི་འགའ་རེས་འབིས་ཁོག་གི་རྣམ་སྣང་སོགས་བྲག་བརྐོས་འདི་དག་རྒྱ་བཟའ་ཀོང་ཇོས་བཞེངས་པར་བཤད་མོད། འོན་ཀྱང་། འབིས་རྣམ་སྣང་རྒྱབ་ཀྱི་གཡས་ཕྱོགས་ཀྱི་བྲག་ངོས་སུ་གསལ་བའི་ཡི་གེའི་ནང་དུ། སྐུ་གཟུགས་དང་ཆོས་ཀྱི་ཡི་གེ་འདི་དག་ཁྱིའི་ལོར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ། དགེ་སློང་ཡེ་ཤེས་དབྱངས་ཀྱིས་བཞེངས་པར་གསལ་བས། འདི་དག་བཞེངས་སྐབས་ཆོས་རྒྱལ་མུ་ཏིག་བཙན་པོ་སྐུ་འཚོ་བཞུགས་ཀྱི་དུས་ཡིན་པས་རྒྱ་བཟའ་སྔ་ཕྱི་གཉིས་པོ་གང་གིས་ཀྱང་བཞེངས་པ་མ་ཡིན་པར་གྲུབ་བོ།། །། 
                       ༢༠༢༦.༢.༡ ཉིན་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *