འབའ་སེམས་བྱུང་སྙན་ངག་གསར་པ།
རྩོམ་ཡིག་འདི་ཐེངས་ 47 བཀླགས་འདུག
སྟོང་བ་ཉིད་ཀྱི་འུར་ཟིང་།
མི་རོ་རུལ་བའི་ཁུ་ཁྲག་འཇིབ་པའི།།
སྦྲང་ནག་ཁྱུ་ལ་གནས་ཚང་གཡར་ནས།།
ས་ཆོད་འདི་ནས་རྐང་བ་བཅད་ཀྱང་།།
སོང་བའི་རྗེས་ཤུལ་ཅི་ཡིས་སྦེད་དམ།།
བར་སྣང་ཞིག་ལ་སྣང་བས་བཀྱིགས་པས།།
ཚོན་མདངས་སྐུང་བའི་མིག་གིས་བལྟས་ཚེ།།
ར་བ་འདི་ནས་ཕྱི་ལ་བུད་ཙམ།།
ངོ་གདོང་རེ་རེ་ཆ་མེད་འགྱུར་བས།།
བར་གྱི་ལེ་དབར་གང་གིས་སྙོབ་བམ།།
གཞང་འཚོང་མ་ཡི་བྱིན་རླབས་སྒོམ་པའི།།
འགྲམ་ཆང་ལྡུད་པའི་གར་མ་མང་པོས།།
གྲོང་ཁྱེར་འདི་ལ་དབང་སྒྱུར་བྱས་ཏེ།།
འབྲེལ་བ་སྣ་ཚོགས་ཟང་ཟིང་བཏང་ཡང་།།
གན་མཁན་ང་རང་གཡུལ་ངོར་འཇུག་ཡོད།།
གློ་བུར་རྨི་ལམ་མངོན་སུམ་བསྲེས་ཤིང་།།
ལྟག་རྒྱབ་གཟས་པའི་བོའུ་སྐད་ཅིག་གིས།།
ཁེར་རྐྱང་དབུས་ཀྱི་ཏིང་འཛིན་དཀྲོགས་ཀྱང་།།
སྐྱོ་གདུང་ཁྲོད་ཀྱི་དུར་ས་ལུས་འདུག།
2026/5/11ཉིན་མགོ་ལོག་ཏུ་ཤར་མར་སྦྱར།
བསམ་ཚུལ་ཕྲིས།