༸རྒྱལ་དབང་ཀརྨ་པའི་སྙན་ངག་གསར་པ།
རྩོམ་ཡིག་འདི་ཐེངས་ 11 བཀླགས་འདུག

འོག་མིན་མཚུར་ཕུ་དྲན་བྱུང་།
འཛམ་གླིང་ཡངས་པའི་རྩེ་ན། །
ཁ་བ་ཅན་གྱི་ཞིང་ཁམས། །
མཆོད་གནས་ཇོ་ཤཀ་རྣམ་གཉིས། །
དེ་དང་ཉེ་བའི་གནས་སུ། །
མངའ་བདག་རལ་པ་ཅན་གྱིས། །
ཆོས་སྲིད་འཁོར་ལོས་བསྒྱུར་དུས། །
གཙུག་ལག་ཆོས་འཁོར་བཞེངས་ས། །
འོག་མིན་མཚུར་ཕུ་དྲན་བྱུང་། །
རྒྱལ་བས་ལུང་གིས་བསྔགས་པའི། །
རྒྱལ་སྲས་ཟླ་འོད་གཞོན་ནུས། །
ལུང་བསྟན་རྗེས་སུ་གནང་བའི། །
འོག་མིན་མཚུར་ཕུ་དྲན་བྱུང་། །
མི་མཆོག་དུས་གསུམ་མཁྱེན་པའི། །
གདན་ས་གོང་འོག་བར་གསུམ། །
ཀུན་གྱི་རྩ་བ་ལྟ་བུ། །
འོག་མིན་མཚུར་ཕུ་དྲན་བྱུང་། །
རྒྱབ་རི་རིན་ཆེན་སྤུངས་པ། །
རི་བྲག་ཁྱུང་ཆེན་ལྡིང་འདྲ། །
རྟ་མགྲིན་ལྷ་ཚོགས་བཞུགས་པའི། །
འོག་མིན་མཚུར་ཕུ་དྲན་བྱུང་། །
རྩི་ཤིང་མེ་ཏོག་རྒྱས་པའི། །
མདུན་རི་ནགས་རྒྱལ་ཕྱུག་མོ། །
རྗེ་བཙུན་སྒྲོལ་མའི་བཞུགས་གནས། །
འོག་མིན་མཚུར་ཕུ་དྲན་བྱུང་། །
དབུས་ན་རྟེན་གྱི་གཙོ་བོ། །
ཐུབ་ཆེན་འཛམ་གླིང་རྒྱན་གཅིག །
འབྲེལ་ཚད་དོན་དང་ལྡན་པ། །
འོག་མིན་མཚུར་ཕུ་དྲན་བྱུང་། །
འཕགས་མཆོག་འཇིག་རྟེན་དབང་ཕྱུག །
རྒྱལ་དབང་རིམ་པར་བྱོན་པའི། །
ཕྲིན་ལས་འོད་སྟོང་འཕྲོ་ས། །
འོག་མིན་མཚུར་ཕུ་དྲན་བྱུང་། །
རྒྱ་བོད་མཁས་གྲུབ་དུ་མ། །
ཞབས་ཀྱིས་བཅགས་ཤིང་བྱོན་པའི། །
ངོ་མཚར་གྲུབ་པའི་གནས་མཆོག །
འོག་མིན་མཚུར་ཕུ་དྲན་བྱུང་། །
མི་ལོ་བརྒྱ་ཕྲག་བརྒྱད་ལྷག །
བཤད་དང་སྒྲུབ་པའི་བསྟན་པ། །
དབྱར་མཚོ་བཞིན་དུ་འཕེལ་བའི། །
འོག་མིན་མཚུར་ཕུ་དྲན་བྱུང་། །
བཀའ་བརྒྱུད་གོང་མའི་གདན་ས། །
སྒྲུབ་བརྒྱུད་ཡོངས་ཀྱི་འབྱུང་གནས། །
མི་ཉམས་སྲིད་མཐའི་བར་དུ། །
དར་ཞིང་རྒྱས་པར་གྱུར་ཅིག །
གདན་ས་མཚུར་ཕུ་ནས་ལོ་ལྟར་ཁོ་བོའི་སྐྱེས་སྐར་ལ་ཡིག་གཟུགས་སྣ་ཚོགས་བྲིས་ཏེ་བཤམ་སྲོལ་ཡོད་པ་དང་། འདི་ལོར་ཡང་དེ་ལྟར་བྱ་རྩིས་ལ་བརྗོད་བྱ་གཅིག་གྱུར་ཡོང་ཆེད། ཤོ་ལོ་ཀ་འགའ་ཤས་ཤིག་འབྲི་དགོས་པའི་བསྐུལ་མ་གནང་དོན་བཞིན། ཀརྨ་པ་ཨོ་རྒྱན་ཕྲིན་ལས་སུ་འབོད་པས། སྤྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༡ ལ་སྦྱར་བ་དགེའོ། །
བསམ་ཚུལ་ཕྲིས།