འཛུམ་གྱི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 593 བཀླགས་འདུག

ཁ་སང

ངའི་མཚོ་ཁ་ནས་ཁྲུང་ཁྲུང་ཞིག་འཕུར་སོང
མགྲིན་གླུ་ཀྱུར་ཀྱུར སྒྲོ་སྤུ་ཟིང་ཟིང
མདའ་མོ་ལྟོང་ཁ་ལས་ཤོར་བ་ལྟ་བུའི
ལག་འཇུ་དང་སྨོན་ཚིག་མེད་པར
གནམ་སའི་བར་གླགས་དེ་ནས
གོ་ལ་ནས་གོ་ལ་བརྒྱུད་དེ་ཕར་ཕར་འཕུར་སོང
དེ་ནི་ངས་ནམ་ཟླ་འགྱུར་ཏེ་ཡུལ་ལུང་འཁྱག་པས་རེད་དྲན

ད་ནངས ངའི་གླིང་ཁ་ནས་ཁུ་བྱུག་ཅིག་འཕུར་སོང
སྙན་འགྱུར་ལྷང་ལྷང མགོ་བོ་ལྡེམ་ལྡེམ
ཁུ་སིམ་གྱི་རྐུན་པོ་བྲོས་པ་དང་འདྲ་བར
མིག་ཆུ་དང་ལག་བརྡ་མེད་པར
ནགས་རི་དང་གངས་རིའི་དབྱེས་མཚམས་དེ་ནས
ཡུལ་ལུང་ནས་ཡུལ་ལུང་བགྲོད་དེ་འཕུར་སོང
དེ་ནི་ངས་བསེར་བུ་གཡུག་ཅིང་སད་སེར་ལྡང་བས་རེད་བསམ

ཉིན་གུང ངའི་མགོ་ཀླད་ནས་རྒོད་པོ་ཞིག་འཕུར་སོང
གཤོག་འགྱུར་ལྷབ་ལྷུབ ལྡིང་སྐོར་ལིང་ལིང
ཉེས་ཅན་བཙོན་ནས་བྲོས་པ་དང་འདྲ་བར
འཁྲེང་སེམས་དང་ཕྱིར་མིག་མི་སློག་པར
ཉི་འོད་དང་སྤྲིན་དཀར་གྱི་ཁོང་གསེང་དེ་ནས
ནམ་མཁའ་ནས་ནམ་མཁའ་གཤགས་ཏེ་ཡར་ཡར་འཕུར་སོང
དེ་ནི་ངས་བྲག་རི་འཇིག་ཅིང་ཟང་ཟིང་མང་བས་རེད་སྙམ

དོ་ནུབ ངའི་སྒེའུ་ཁུང་ནས་ཕུག་རོན་ཞིག་འཕུར་སོང
མིག་ཟུང་རིལ་རིལ གཤོག་རྡེབ་རུག་རུག
འུར་རྡོའི་ནང་གི་རྡེའུ་ཞིག་དང་མཚུངས་པར
གྱེས་ཕྱག་དང་བདེ་མོ་མེད་པར
ཉི་ནུབ་དང་ཐུན་མཚམས་ཀྱི་ཀློང་བར་དེ་ནས
སྐད་ཅིག་ཉིད་ལ་རྒྱ་མཚོ་ནས་རྒྱ་མཚོ་བརྒལ་ཏེ་འཕུར་སོང
དེ་ནི་ངས་ནམ་མཁའ་རུབ་ཅིང་མུན་པ་འཚུབ་པས་རེད་འདོད

9/ 11/ 2019

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *