ཨ་འཇམ་གྱི་སྙན་ངག་གསར་པ་ཁག་ཅིག

རྩོམ་ཡིག་འདི་ཐེངས་ 780 བཀླགས་འདུག

ལོ་མ་སེར་བོ།

ལག་པ་མང་བོས་རུབ་ཀྱིན་དུ།།
སྡོང་རྒན་གཅེར་བུར་ཕུད་ཞོར་དུ།།
དགུན་གྱི་ཁ་ཡིག་འབྲི་ཞོར་དུ།།
ཨ་ཤ་ཞིག་ཀྱང་འཚུབ་པར་བྱས།།
ཙག་གི་དགེ་རྒན་ལས་ངན་པོ།།
ཅ་ནེ་ཞིག་གི་བཟོ་ལྟ་འདུག།
མདའ་མོ་རླུང་དུ་སྦྲན་པའི་ཚེ།།
ཐ་སྙད་དུམ་བུ་འཁྱག་པར་གྱུར།།

ཆུ་མོའི་དཔལ་ཡོན་ཁྲུས་ལ་ཞུགས།།
སྐྱི་མོ་ཐེད་པོའི་འཚེམ་ཁང་ཉུལ།།
གསང་བའི་ལོ་ཚིགས་རྒས་ཉམས་ཅན།།
ཁྱི་རྒན་ཞིག་གི་ཕུར་བ་འོ།།

དགུན་གྱི་རུམ་དུ་ཉལ་བ་ཡི།།
ཚེར་མའི་གསར་འགྱུར་ཁ་དཀྲིས་ཅན།།
དོ་ནུབ་ཤག་རོགས་མ་རྙེད་དུས།།
དམྱལ་བའི་ཧ་ཡང་ཐེངས་གཅིག་བཏབ།།

མེ་ཏོག་རྙིད་པོའི་ཕྱིར་མིག་གིས།།
ཉི་མའི་ཚང་ལ་སྙན་ངག་བསྙལ།།
སྐྲ་ལོ་ཤམ་པའི་དྲི་བསུང་དུ།།
རྐུན་མ་སྟོང་གི་མཆུ་སྒྲོས་འགུལ།།

ནམ་ཟླ་ཁ་ཤོའི་སྐེད་པ་ལ།།
དུར་སའི་རྡོ་བའི་ཆབ་མ་བཏགས།།
མིག་ཀྱང་སྔོ་བའི་ནམ་མཁའ་འདི།།
ཅུང་ཟད་རུབ་ཅིང་བཅར་ཏེ་འོང་།།

འཚོ་བའི་ཁ་ཐིག་རིང་མོ་ཡིས།།
མདང་གི་རྨི་ལམ་བཞོན་ནས་འཕུར།།
སློབ་ཚན་ནང་གི་སྤྲང་བོ་དེས།།
ང་རང་འདར་དུ་ག་ཙམ་བཅུག།

ཨ་རི་ལྷོ་མའི་མཁུར་ཚོས་ཀྱི།།
གཡུ་སྦྲང་ད་དུང་གཉིད་ལ་ཤོར།།
རྐུབ་སྟེགས་རེ་རེའི་ཤ་དྲོད་ཀྱང་།།
དགུན་འགོར་སྐྱེས་པ་ཡིན་ནམ་ཅི།།

རྩ་ལམ་སྐྱེས་པའི་མྱུ་གུ་འདིས།།
སློབ་ཁང་གསུམ་གསུམ་དྲུག་ལ་བྱས།།
འཕྲུལ་བའི་བུ་མོ་སྔོ་ཤང་མ།།
དབྱར་གྱི་མགྲིན་པ་རིང་བ་ཨང་།།

ནུབ་ཀྱི་བསེར་བུ་འཚབ་འཚུབ་འདིས།།
གློ་ཁུག་ནང་ལ་བརྡ་ཞིག་འཕངས།།
འགྲུལ་བ་ཡ་རབས་དཔེ་བླངས་ནས།།
ཤོག་བུ་ལག་པས་བཏེགས་ནས་ཡོད།།
༢༠༡༩ ༡༡ ༠༥ ན་ཡ། ཨ་འཇམ།

མི།

རྡོ་བ་ཞིག་ཀྱང་མགོ་ལ་གྱོན་ཏེ་རྒྱུགས།།
ལྕགས་ཀྱི་ཐུ་ལུམ་རྐང་དུ་བཏིང་སྟེ་རེམ།།
རླངས་པ་བཙོག་པ་འབྱིན་ཞིང་རྔུབ་ཞོར་དུ།།
མཛེས་པའི་རབ་བཏགས་ཚགས་པར་ཟུར་ལ་བཏགས།།

ཨ་ལན་འཇོག་པའི་ཁུང་བུ་མི་རྙེད་སྐད།།
ཡ་མཚན་རྟིང་ག་ནམ་མཁར་མི་ཤོང་སྐད།།
མི་མངོན་དབུགས་ཀྱིས་སྤུར་བའི་ལྒང་བུ་འདི།།
དྲ་བའི་ངོས་ཀྱི་གློག་གི་ཨ་མ་འོ།།

གཟའ་ཡང་མགོ་ཡོམ་འཁོར་བའི་ནང་རོལ་ན།།
ཁྲག་དང་རྒྱུ་མའི་ཐ་གུ་བསྣོལ་མར་ལུས།།
ཆོས་ཀྱི་གསེར་སོ་ཤན་པའི་ལུང་བ་ཡི།།
གཡག་གི་ལམ་ལུགས་གྲོང་ཁྱེར་གཞུང་ལ་དེད།།

མི་ཁོམ་འཚོ་བའི་ཁ་ཡིག་སྐྲག་བྱེད་མ།།
ཤ་ལ་འབྱར་བའི་ཚིག་གི་ཉན་སྐུད་བརྒྱུས།།
ཁ་པར་ཆུང་བས་བཙིར་བའི་ཞེང་ལམ་ན།།
ན་ཟླའི་ཤ་གཅུར་རུས་ལ་ཐུག་པར་སྣང་།།

ཚིག་གི་རྡུལ་ལ་ལུགས་ཀྱི་སྣ་ཐག་བཏགས།།
སྙན་ངག་མིན་པའི་ཕ་རོལ་མགོན་ཁང་མཐོང་།།
མཆེ་བ་སྤྲིན་ལ་བྲིས་པའི་སྲོད་ཀྱི་ལས།།
རྨི་ལམ་ནང་གི་དགུན་གྱི་བུ་ཡུག་གོ།

དེ་རིང་གློ་བུར་གཏམ་ཞིག་སྒུར་ཙམ་གྱིས།།
ལག་རྩལ་བ་དག་གཤོག་པ་སྐྱེས་ཏེ་ཡོད།།
སང་ཉིན་བཞེངས་པའི་ཕོ་བྲང་ནག་རིལ་མ།།
གཅེར་བུ་ཉལ་སའི་གླུ་རྟ་རུང་ངམ་ཅི།།

པགས་པ་གཏེད་པའི་རིང་ལུགས་གསར་མ་ཡིས།།
འབྲོག་པའི་ཁ་ལ་ལྡག་པའི་རྨ་འདི་བྱུང་།།
རུས་པ་མཉེད་པའི་མཆིག་གུ་རང་འཁོར་མས།།
ཁང་བའི་སྒེའུ་ཁུང་གཏོར་བའི་སིལ་སྒྲ་བྱུང་།།

འཕྲེད་དུ་ཉལ་བའི་ཡ་རབས་མི་རྒྱུད་ཅིག།
སྲིད་པ་སོ་མར་གོམས་པའི་ཚིགས་ཀྱང་འཁོབ།།
རྭ་དང་སྡེར་མོའི་ཡ་མཚན་སྒྱུ་རྩལ་དག།
སྣལ་མར་བཀལ་བའི་མགྲོན་པོ་ནུབ་ལ་འབྱོར།།

གཞུང་ལུགས་ཐིག་གི་ཚད་ལ་འདྲོགས་པ་ཡི།།
གངས་ཀྱི་རལ་བ་གཙུག་ཏུ་ཡོམ་བྱེད་པ།།
རིག་པའི་སྐྱ་མ་གསེད་པའི་གྲོང་ཁྱེར་ན།།
ལྡུམ་བུའི་ཚལ་གྱི་ཡོལ་གོ་འཁྲུད་ཙམ་བྱས།།

འཇིག་རྟེན་མཆན་དུ་བཙིར་བའི་ལྡེབས་རིས་པས།།
གནའ་བོ་སྣང་བརྙན་ད་དུང་གྱོན་དུ་བཅུག།
མི་ཕོ་མཆིལ་མ་འཚུབ་པའི་ཁ་ནང་ན།།
ལྕེ་ཡི་ཐ་སྙད་བཅུ་ཙམ་འཁྲུངས་ནས་འདུག།

གྲོང་ཁྱེར་ནང་གི་རྟ་རྒྱུག་རླུང་ལངས་མ།།
གློ་བཞུ་དམར་བོ་ཞིག་གི་མཇལ་ཁ་ཡོད།།
ལ་གཞས་སྒོ་བྱང་སྟེང་དུ་མ་མཛའ་བས།།
འུ་ཚོས་སྒོ་ང་སྟོང་ཕྲག་གཅོག་ཚུལ་ཤེས།།

ཁྱོད་ཀྱི་སྐྲ་ལོས་རྩྭ་ཐང་དྲི་ཁྱེར་ནས།།
ཁང་རྩེག་རྣམ་ཤེས་འདི་དག་སྒུལ་བ་ན།།
བདག་གིས་གད་སྙིགས་ཁུག་མའི་ཁ་ཕྱེས་ནས།།
ཁྱོད་མཛེས་པ་ལུས་ཞེས་ཡང་ཡང་ནོས།།

༢༠༡༩ ༡༠ ༢༥

གློ་བུར་བ།

——- དགེ་བའི་བཤེས་གཉེན་དམ་པ་འཇམ་དཔལ་བློ་ཤེས་སྐུ་གཤེགས་པར།

མི་རྣམས་སྐད་འཕྲིན་ཐ་གུའི་སྣེ་ན་སྔར་བཞིན་འཁྱམ་ཞིང་ཇ་རེ་བཏུང་།།
ཞོགས་པའི་ཉི་འོད་སྒེའུ་ཁུང་འཕྲོས་པའི་ཕྱི་རོལ་འཇིག་རྟེན་སྔར་བཞིན་གནས།།
རླངས་འཁོར་འུར་བའི་སྒྲ་ཆེན་སྒྲ་ཆུང་ནང་གི་སེམས་ལ་སྡེབ་ཅིང་བཞུར།།
གསར་འགྱུར་ཚིག་གིས་ཐོལ་དུ་རྡེག་པས་ང་ནི་བཀྱིགས་ཤིང་ཡུན་རིང་ཧད།།

ཆུ་ལོག་ཅིག་ཀྱང་ཧར་གྱིས་བརྡོལ་བས་འཚོ་བའི་མགོ་རྐང་ཞིག་པར་གྱུར།།
ཚིག་གི་དཔང་ཡང་གྲོགས་ལ་བཅོལ་ཏེ་བོད་དུ་འཕྲིན་འབྲེལ་ཡང་ཡང་བྱས།།
དབུགས་རིང་ཞིག་ལ་དབུགས་གསར་བསྣན་ཡང་ད་དུང་སྐད་ཆ་མ་ཚང་ཐལ།།
སེར་ཤུལ་གཞུང་གི་གཡེར་དྲིལ་ཞིག་ཀྱང་མྱ་ངན་ཀློང་དུ་སིམ་པ་ཚོར།།

ཇི་ལྟར་མནོ་བསམ་ཞིབ་ཏུ་བཏང་ཡང་ས་སྲོད་ཅིག་ཀྱང་འགེབ་བཞིན་འོང་།།
ཁྲག་དཀར་ཞེས་པའི་རྒྱུ་རྐྱེན་བཙལ་ཡང་ད་དུང་ཡིད་ཆེས་མེད་པར་ལུས།།
ཤ་དར་ཁྲག་དར་སྣང་བརྙན་ཞིག་ཀྱང་གསལ་ཞིང་གསལ་བའི་མེ་ལོང་འགུལ།།
བསྟན་པའི་ཀ་ཆེན་མཐོ་རུ་ལངས་པ་གློ་བུར་འགྱེལ་བའི་བརྡ་རུ་གོ།

ཁྲིན་ཏུའུ་ཧྭ་ཞེ་སྨན་ཁང་ཞེས་པར་གནམ་ཁབ་མཐའ་མ་ཐིགས་ཏེ་ཚར།།
རོལ་དབྱངས་ནག་པོ་མི་སེམས་རྒྱུ་བའི་རྦ་རླབས་སྐྱོམ་བཞིན་རྡེག་པར་རྩོམ།།
འཁྲུངས་སྐར་ཨང་གྲངས་ང་གཅིག་པ་ཡང་ད་ནི་ག་ལེར་གཟིམ་པ་རྟོགས།།
མགོ་བོ་བཏུམ་སྟེ་ཁུ་སིམ་བསྡད་ཀྱང་སྟོན་མཇུག་ལོ་མ་ཤག་ཤག་འབབ།།

རྒྱལ་མཚམས་མེད་པར་མཆོད་མེ་སྤར་ཏེ་མཚན་མོ་འཁྱོལ་བའི་ཐབས་སུ་བྱས།།
ཚིག་གི་གཞུང་དུ་ཤོང་བར་དཀའ་བའི་ཞབས་རྗེས་རེ་རེ་འགོད་པར་བརྩམས།།
རིག་པའི་རལ་བ་ཉི་ཟླར་བརྒྱུས་པའི་གཏམ་རྒྱུད་དག་ཀྱང་སླར་ཡང་སོས།།
གཞུང་ལུགས་གཙང་ཆབ་འཕྲེད་དུ་བཅད་པའི་དཔའ་བོའི་གདེང་ཡང་འབུར་དུ་བཀོད།།

ནང་བསྟན་སྒོ་བྱང་གསར་བའི་འོག་ནས་གངས་ཀྱི་སྐྱ་རེངས་དང་བོ་བསུས།།
རྒྱུན་མཚན་འཚོལ་བའི་ཤེས་རབ་རུ་དཔུང་མུན་པའི་ཀློང་དུ་འཕྱོ་བར་བྱས།།
ཕུགས་བསམ་རིང་མོར་གཤོག་པ་ཐོགས་པའི་རས་གཟན་དམར་བོ་ལང་ལོང་གཡོ།།
ཞི་བདེ་རིག་གནས་ས་ཆེན་འཁྱོམ་པའི་དབུ་ཁྱུད་གངས་ལ་བྲིས་པ་མཇལ།།

རིང་ལུགས་བཙན་པོའི་མེ་རྟ་ཞིག་ཀྱང་ཁ་བའི་ཐང་དུ་གསལ་ལེར་བསྒྲོན།།
དབྱར་ཁ་འཁྲིད་པའི་ཁུ་བྱུག་སྟོང་གིས་ས་ཆེན་གླུ་ཡི་སྣོད་དུ་བགྱིས།།
དུས་རབས་ཤིག་གི་དབལ་ཁར་བབས་པའི་ཉི་ཟླའི་རྣ་ཆ་ལམ་ལམ་བྱས།།
གནའ་དེང་རིག་པའི་དབྱེ་མཚམས་ཤིག་ནས་གསུང་གི་ཕོ་ཉའི་སྙན་པ་འཕུར།།

མི་ཡི་མིག་གིས་ཤེད་ཀྱིས་བལྟས་ན་ཁྱེད་ཀྱི་གཟུགས་སྐུ་ཤིན་ཏུ་དྭངས།།
མི་ནག་དཀྱུས་མའི་བློ་ཡིས་བསྙེས་ན་ཁྱེད་ཀྱི་གསུངས་པ་ཤིན་ཏུ་མད།།
མི་ཡི་འཚོ་བའི་གཞུང་དུ་བབས་ན་ཁྱེད་ཀྱི་གཞུང་ལུགས་ཤིན་ཏུ་གོ།
མི་ཡི་ཤེས་རབ་བླ་ན་འབར་བ་རེ་ཞིག་བསྡུས་པ་སུ་ཡིས་དཔོག།

ཞིང་འབྲོག་རྒན་པོའི་མ་ཎིའི་དབྱངས་རྟ་གདུང་བའི་ངང་དུ་རི་ལ་འཁོར།།
དགོན་སྡེ་སྟོང་གི་སྨོན་ལམ་ཆོས་སྒྲ་གངས་ཀྱི་སུལ་མོའི་ཀློང་དུ་ཡན།།
ཤེས་ཡོན་པ་ཡི་སྨྱུག་རྩེའི་འཁུན་བུ་ཕྱི་ནང་དྲ་ལམ་བརྟོལ་ནས་བྱུང་།།
རྗེས་དྲན་འདུ་ར་སྟོང་གི་ཁྲོད་ན་ཁྱེད་ཀྱི་སྐུ་བརྙན་ལམ་མེར་མཇལ།།

སྐྱེས་ཆེན་ཅིག་གི་བཞུད་ཤུལ་བསམ་ནས་ཡིད་གཉིས་སྐྱ་འདི་ཞིག་ཐབས་བྲལ།།
མི་རིགས་ཤིག་གི་ལས་དབང་བསམ་ནས་ད་དུང་གདུང་བ་གནོན་ཐབས་བྲལ།།
ཚེ་སྲོག་ཅིག་གི་གོ་རིམ་བསམ་ནས་མ་རྒན་ཞིག་ཀྱང་བརྗེད་ཐབས་བྲལ།།
གང་ལྟར་བཅུ་བའི་བཅུ་དགུ་ཉིན་གྱི་ཕངས་པའི་སེམས་འདི་ཆོད་ཐབས་བྲལ།།
༢༠༡༩ ༡༠ ༢༦ ལ་བྱང་ཨ་རི་ནས་བདུན་ཚིགས་སུ་ཕུལ།

 

སྟབས་ཀ་འགྲིག་ན་སྙན་ངག་འབྲི་ན་ཐང་།

ཆར་བས་ཁང་རྩེག་མགོ་བོ་གསུབ་པ་ལ།།
ཨ་རིའི་གློག་འོད་དམར་བོའི་ཚོན་འདི་འབྱུག།
ཁུ་སིམ་འགྲུལ་འཁོར་ནང་གི་སྐུ་མགྲོན་ཚོ།།
འདྲོགས་པར་མ་གཞུག་ཚིག་ཀ་འཛིན་པར་བྱ།།

པེ་ཅིན་རྒྱལ་སྟོན་དམར་བོ་ལྷོག་ལྷོག་གདུ།།
ཁྲོམ་ཕུའི་ཁ་པར་དོན་རྐྱེན་ཀློང་ལ་ལྷུང་།།
ད་ལོ་རྡ་སའི་གྲོས་ཚོགས་ཅུང་ཟད་འཇམ།།
ནུབ་ཀྱི་ཞོགས་པར་སྔར་བཞིན་ལམ་དུ་བུད།།

གཞོན་པས་ཁ་པར་ཡུན་རིང་འབག་ཏུ་གོན།།
རྒན་པོས་ཁ་བརྡའི་སེམས་པ་མི་སྟེར་དུས།།
བོད་པ་ཁེར་མོས་ལམ་ཐག་མི་ཆོད་པས།།
སེམས་ཀྱི་རོལ་བ་ཐིག་གི་གཞུང་དུ་དྲངས།།

བཞི་མདོའི་བུ་མོའི་ངོ་སྡུག་མི་ལོན་དུས།།
བརྒྱད་ཅུ་རྒན་མོས་ཁེར་མགོ་དུ་བས་གནོན།།
སློབ་མ་དག་ཀྱང་གླུ་གཞས་ཁོ་ནར་བཏགས།།
དེང་གི་འཚོ་བའི་ཟུར་ག་དེ་འདྲར་ངེས།།

ཁྱེད་ཀྱི་གནས་ལུགས་རྒྱབ་ཀྱི་ཆུ་བོས་བསྲུངས།།
ང་ཡི་དད་པ་སེམས་ཀྱི་སྐོམ་པས་དེད།།
གཅིག་གི་ཁུངས་ལ་གཅིག་ཀྱང་མི་འཕྲོད་ན།།
བཙིར་བའི་འཛུམ་གྱི་གཉེར་མ་འདྲ་ལེ་གདའ།།

མི་ལ་ཤེད་རེ་རང་རང་སྐལ་དུ་བཞག།།
དེ་ལ་འཚམ་པའི་ཁྲིམས་ཀྱི་ཐིག་རེ་བཏབ།།
དེ་ཡི་ནང་ན་འུ་ཚོའི་སྒོ་ར་ཡོད།།
སྟག་ཤར་འགྱིང་སའི་རྩྭ་ཐང་ཤོང་རབས་མེད།།

ང་ཡི་གླུ་ཡིས་སྒེའུ་ཁུང་བརྟོལ་བར་དཀའ།།
ཁྱོད་ཀྱི་བྲོ་ཡིས་རྡོག་སྒྲ་གོ་ཐབས་མེད།།
ཁྱིམ་མཚེས་ཡ་རབས་ཤིག་གི་བཟོ་ལྟ་འདི།།
དོན་དུ་རྙི་ལ་བཅུག་པའི་བྱེའུ་ཆུང་ངོ་།།

ཞིབ་ཏུ་གདོང་ལ་ལྟ་བ་གནའ་བོའི་ལུགས།།
ཁེར་མོ་རྐང་ལ་ཅེར་བ་དེང་གི་སྲོལ།།
ནམ་མཁའ་སྔོན་མོས་སྲུང་བར་མ་འདོད་ན།།
ས་གཞི་ལེབ་མོས་ཅི་ཡང་འཇོན་པར་དཀའ།།

འུ་ཚོས་ཞིབ་ཏུ་འཚེམ་བུ་མ་བཏབ་མོད།།
སྐུད་ཤུལ་འཁྱོག་པོ་ཞིག་ལ་དཔེ་རུ་ལེན།།
སེམས་ཀྱི་ནང་ཤ་ཞིབ་ཏུ་མི་རྙེད་པས།།
ལས་ཀ་བ་དེས་གློ་ཁུག་ཁོ་ནར་ཅེར།།

ཕན་ཚུན་བརྡ་ཡི་ཚུགས་ཀ་འདྲ་ན་ཡང་།།
དོན་གྱི་རིག་པའི་ལམ་ལུགས་ཕུ་ཐག་རིང་།།
རང་རང་འདོད་པའི་ཚད་ཤིང་ཡག་པ་དེ།།
རིག་གནས་ཞེས་པའི་བསྐལ་བའི་ཆགས་རིམ་མོ།།

ང་ནི་ཁྱོད་ཀྱང་གསེད་པར་ཧ་ཅང་དཀའ།།
རི་སྒང་ཞིག་ནས་བཞུར་བའི་བཟོ་ལྟ་འཁེན།།
ཁྱོད་ཀྱང་ང་ལ་ཧད་པར་ཅི་ཡང་ངེས།།
འཕྲུལ་ཆས་བར་གྱི་མི་གཤིས་དལ་བ་འོ།།

དོན་དུ་ཕན་ཚུན་མཚར་བའི་ལྟད་མོ་འདི།།
ན་ནིང་ལས་ཀྱ་ད་ལོ་མང་བ་འདི།།
འུ་ཚོའི་ཕྲག་ཁའི་བར་ཐག་ཉེ་བ་ན།།
ནང་གི་ཅི་ཡང་རིག་པའི་ཚུལ་འདི་བྱུང་།།

སང་ཉིན་འཛམ་གླིང་རིག་གནས་གཅིག་བྱུང་ན།།
ཀུན་ཀྱང་མཛའ་བའི་ལམ་ཡིག་ཉན་ན་ཡང་།།
སེམས་ངོ་སྐྱོབ་པའི་སྨན་ཁང་ཐོར་སོང་བས།།
འུ་ཚོ་དབུགས་ཀྱང་ཇི་ལྟར་ལེན་པར་སྙམ།།

ད་ནི་བཞུད་ལམ་འདི་ཡི་སྣེ་ལ་ཐུག།
ང་ཡང་རང་གི་ལམ་ཞིག་དེད་ནས་འགྲོ།།
སང་ཉིན་འུ་ཚོ་སླར་ཡང་འཛོམས་པའི་ཚེ།།
འཛུམ་མདངས་ཉི་མ་འདྲ་ཞིག་བསྟན་ནས་འོང་།།
༢༠༡༩ ༡༠ ༣ ན་ཡ།

གང་དུ་བསླེབ་ངེས།

མཚོ་ལ་གླན་པའི་གྲོང་ཁྱེར་ང་རྒྱལ་ཅན།།
ནམ་མཁའ་སྔོ་ལིང་མ་ཞིག་གྱོན་ནས་ཡོད།།
སྟོན་གྱི་སྣེ་ལ་འཇུ་བའི་ལོ་མ་དག།
སེམས་སུ་ཤུབ་བུར་འཇུག་པ་ཨེ་ཡིན་ནམ།།

སློབ་གྲྭའི་སྒོ་བྱང་གཤོག་པ་རྡེབ་པ་ལ།།
དགུན་གྱི་ཁ་བའི་ཤེལ་མིག་གྱོན་ཡང་སྲིད།།
རི་དང་ཆུ་བོ་འཁུར་བའི་རྐང་ལག་དག།
སྒོར་ཐིག་ལམ་ཡང་གཡས་འཁོར་ཡིན་པར་བྱས།།

དྲ་བའི་སྒེའུ་ཁུང་གོ་ལ་རུམ་པ་ཡང་།།
བདག་གི་འཇིག་རྟེན་ཕྱོགས་བཞིའི་རྣ་ལ་བཏགས།།
སྒོ་མོ་རྡུང་བའི་ནང་གི་ལག་པ་དག།
ཅུང་ཟད་ནག་པར་ཁྲེལ་འཛུམ་ཙམ་གྱིས་གློད།།

སང་ཉིན་ཞེས་པ་མོག་པོ་མ་ཡིན་ཏེ།།
ཡོལ་བ་འདེགས་མིན་ཙམ་གྱི་རང་དབང་ངོ་།།
བརྩེ་བའི་མི་ངོ་ཤ་ལ་སྦྱར་བྱས་ན།།
ཁྱོད་དང་ང་ཡི་ཁང་བར་སྒོ་རེ་བཏོད།།

ཤར་ནས་སོས་དལ་མེད་པའི་སྔ་ནུབ་དག།
ནུབ་ནས་རྨི་ལམ་རིང་མོའི་གཙུག་ཏུ་བཏེགས།།
སྐོར་བ་ལན་མང་ཕབ་པའི་སྲང་གིས་ཀྱང་།།
ཡིག་འབྲུ་རྒུམ་པའི་འཁུན་བུ་ཡང་བར་བྱས།།

དཔང་དང་ཞེང་གི་ཚད་ལ་རེམ་པ་དག།
འོས་པའི་རིན་པ་ཅི་ཡང་མ་ལོན་ཡང་།།
མི་སྐལ་ལས་འཕྲོའི་ཨ་རིང་ཤ་ཤེད་ཅན།།
ཁེར་ལམ་སྟེང་གི་དབྱར་ག་རྫོགས་མེད་དོ།།

ད་དུང་སྣ་ཐག་མེད་པའི་བཟོ་ལྟ་འདིས།།
འཆར་ཡན་སྐྱ་ཐིག་ནམ་མཁའི་དབྱིངས་སུ་བཏབ།།
འཆི་བའི་སྔས་གཞི་ལྕི་མོ་སྤུར་བ་ན།།
ནང་གི་ཁྲུང་ཁྲུང་དྲོད་ཀྱི་མགྲོན་པོ་འོ།།

མགོ་བོ་དུད་ཀྱང་སེམས་འཕང་གྱད་པོ་འདིས།།
རང་དབང་ལུང་བའི་ཕྱེད་ཅིག་ཟིན་ནས་འདུག།
ཕྱིར་མིག་སྨུག་པར་ཅེར་བའི་བྱང་ཚད་ལ།།
ད་ལྟ་འདི་ཡང་བཀའ་དྲིན་ཆེ་བར་སྐད།།

རང་ལམ་ཟུར་ག་བཏོད་པའི་ཀི་རིང་ལ།།
མེ་ཏོག་ལྷ་ཡི་བུམ་པ་བཞེངས་ནས་ཡོད།།
ཞོགས་པའི་མཁའ་དབུགས་སོ་མར་རྔུབ་ཞོར་དུ།།
བོད་སྐད་གཞུང་ལ་ཆམ་གྱི་སྟེགས་ཤིག་བཏབ།།
༢༠༡༩ ༡༠ ༧ ན་ཡ། ཨ་འཇམ།

བཅོས།

རྐང་བ་ཕྲ་མོར་རྟིང་གའི་ལྷུ་ཞིག་བཏགས།།
མིག་གི་གཤོག་པར་བྱ་ཕོའི་སྒྲོ་ཞིག་བཙུགས།།
བྲང་གི་ཤ་ལ་འགྱིག་གི་ཐུམ་ཞིག་བཏབ།།
གྲིབ་གཟུགས་ཤིག་ཀྱང་འཆར་ཡན་ཚོན་ལ་འདྲེས།།

མཆུ་ནི་འཐེན་པའི་བུ་གས་འབུར་ལ་བཀོད།།
ལུས་ཀྱང་གོས་ཀྱིས་གཅུས་པའི་དྲང་ཞིག་ཕུད།།
སྐྲ་ལོ་རང་བྱུང་རྩི་ལ་དཔེ་ཞིག་སྦྱར།།
དེ་རིང་འདི་ཡང་སང་ཉིན་འགྱུར་བར་ངེས།།

མེ་ལོང་ནང་ལ་ཚིགས་ཀྱི་རྒྱན་ཞིག་བཏབ།།
འཕྲུལ་གྱི་བར་བཙིར་བའི་ཉམས་ཤིག་ཕུད།།
སྐྱི་མོ་བསྡུས་པར་འཛུམ་པའི་སྐུར་བ་སྤེལ།།
པར་ཆས་ནང་གི་འཁོར་བ་ཡར་ལ་ལངས།།

སྣང་བའི་སྐ་རགས་ཕར་ལ་བཀྲོལ་བའི་ཚེ།།
རོ་ཡང་གཅེར་བུ་ངུ་བའི་ཉམས་ཤིག་བྱུང་།།
དེ་ཡི་ཕར་ན་གནམ་ཁབ་ཐིགས་པར་བྱས།།
སེམས་ངོ་བཏབ་པའི་ཐོ་ཡང་སྟོང་བར་གྱུར།།
༢༠༡༩ ༡༠ ༨ ན་ཡ།
ཨ་འཇམ་གྱི་སྙན་ངག་དག་ཆོག་མཆན་ཡོད་པའི་ཐོག་ནས་བཀོད་ཡོད།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *