ཨ་འཇམ་སྙན་ངག་གསར་པ།
རྩོམ་ཡིག་འདི་ཐེངས་ 33 བཀླགས་འདུག
ཉི་མ་ལྡོག་པ།
རྒྱབ་ཁུག་དེ་མཚམས་རེར་ཐང་ལ་བཞག།
མདུན་ཕྱོགས་སུ་སྡང་སེམས་ག་ཚོད་གཟེངས།།
མགྱོགས་ཟས་ཤིག་ལངས་ཞོར་རིལ་མིད་བྱས།།
སྙན་ངག་གིས་གང་དུ་འཁྲིད་པར་རེམས།།
ངོ་ཤེས་དེས་མུན་ནག་ཅིག་ནས་ཅེར།།
མི་ཚོགས་ཀྱིས་རང་རང་ལམ་རེ་དེད།།
དངུལ་ཁུག་དེ་རླངས་འཁོར་འགྲོས་ལ་བརྡར།།
ཨ་རོགས་ཅེས་སྐད་ཅིག་མཚམས་རེར་ཐོས།།
རྒན་པོ་དེའི་ལྐོག་མིག་ཅུང་ཟད་གཟན།།
ཤིང་ཏོག་གི་བྲོ་བ་དེ་ཙམ་ཡལ།།
དུས་ཚོད་ཀྱི་གྲིབ་མ་འཐག་བཞིན་འདུག།
བསེར་བུ་ཡིས་ལོ་མར་སྐོར་བྲོ་བསླངས།།
མཆུ་ཏོ་དེ་སྔར་བཞིན་དམར་ཧང་ངེ་།།
སེམས་ཁ་འདི་ད་དུང་ལྟིག་ལྟིག་བྱས།།
ཨ་རི་ཡི་དྲོད་རླངས་འཇམ་པོར་རྒྱུ།།
ཁ་པར་འགའ་དངངས་སྐྲག་ངང་དུ་གྲག།
ལག་པ་ཡིས་ཁུག་མ་འགའ་རེ་སྔོག།
ངོ་གདོང་ཞིག་ལྕི་མོར་སེམས་སུ་ཕབ།།
སྙིགས་སྒམ་དུ་འཛིན་བྱང་དུ་མ་གཡུགས།།
ཙོང་ཤུན་དེ་བཤུས་ཀྱང་ཙོང་ཤུན་རེད།།
ཀུ་ཤུ་ནི་ཚོང་ཁང་ཡངས་ཤིང་ཆེ།།
འུ་ཚོ་ཡི་དཔུང་བ་ཤོང་ཙམ་འདུག།
ཕྱིར་མིག་གི་གྲལ་ཤར་རིང་མོ་ལ།།
དར་དམར་གྱི་སྐུ་མགྲོན་འཚང་ནས་འདུག།
༢༠༢༦ ༡༡ ༡༠ སྒྲེ་ལ་ཝར།
རི་མོ་འབྲི་བ།
ལག་པ་རིང་མོ་ཤོག་ལྷེ་ཕྱི་ལ་བུད།།
སྐད་ཅོར་སྲ་མོ་སྨྱུ་གུའི་ཁོག་ཏུ་འགགས།།
རྐང་བ་ཡ་གཅིག་རྩིག་པའི་ངོས་ལ་བཞག།
ཚོན་མདངས་འགའ་ཡིས་མཚམས་སྤྲིན་སྣོལ་བཞིན་ཡོད།།
གྲེ་བའི་རྩ་རྒྱུས་ནག་པོ་འབུར་དུ་བཏོད།།
འབོད་པའི་ཁ་དེ་སྟོང་བའི་ཁམས་ལ་བསྲེས།།
རི་དྭགས་འགའ་ཡིས་རྩྭ་ཆུ་སྔར་བཞིན་རོལ།།
གནམ་ངོ་རོག་པོ་རི་བོའི་ཕག་ལ་བཀལ།།
རིས་གདན་ལྷན་པ་རྩེག་མ་སྣག་ཚས་བསྒྱུར།།
བྱིན་ཤ་འདམ་བག་ཅན་དག་གང་སར་མངོན།།
རྩིག་སྲུབ་གས་པར་ཕྲག་པ་གཞན་ཡང་མཐོང་།།
ལྟད་མོ་བ་རྣམས་དལ་ཞིང་ཞི་བར་འགྲོ།།
ཤེལ་སྒྲོམ་ནང་གི་ཤེད་དང་སྐད་སྒྲ་དག།
གཤེར་བུར་བཞུར་ནས་འདམ་དུ་འཁྱིལ་བ་རྙེད།།
གསར་འགྱུར་ཤོག་བུ་བཙིར་མའི་བར་ན་ཡང་།།
ངུད་མོ་འགའ་ཡང་ཕྱེད་ཙམ་ཕྱེད་ཙམ་མངོན།།
༢༠༢༦ ༡༡ ༡༠
བསམ་ཚུལ་ཕྲིས།