རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་མཛད།

རྩོམ་ཡིག་འདི་ཐེངས་ 4 བཀླགས་འདུག


ཆགས་མེད་རིན་པོ་ཆེའི་གསང་བའི་རྣམ་ཐར་གྱི་མཇུག་རྩོམ།

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་མཛད།

སླར་སྨྲས་པ།
སྙན་ཚིག་འཇའ་ཚོན་རི་མོས་མ་བརྒྱན་ཞིང་།།
རྗེས་བརྗོད་བྲག་ཆའི་གླུ་རུ་མ་དྲངས་པར།།
ཉམས་མྱོང་རྗེན་པར་བཀྲལ་བའི་རྣམ་ཐར་འདི།།
ཐར་འདོད་སྐལ་བཟང་བུ་ཡི་སྐྱེས་སུ་སྦྱིན།།

བདག་ཉིད་ཆེན་པོ་ཆགས་མེད་རིན་པོ་ཆེ།།
རིང་མོ་ཞིག་ནས་ཞི་བར་གཟིམས་ན་ཡང་།།
རྟོགས་པའི་འདྲ་འབག་གསོན་པོར་གནས་པ་ཉིད།།
ད་དུང་མཇལ་དུ་ཡོད་པ་སྐལ་བ་བཟང་།།

དབེན་པའི་རི་ནས་བགྲང་བྱ་དུ་མའི་བར།།
ཉམས་ལེན་རྡོ་རུས་ཐུག་པའི་རྣལ་འབྱོར་ལ།།
བརྩོན་པ་ལས་སྐྱེས་རང་མྱོང་ཟིན་བྲིས་འདི།།
བཤད་ཡམས་ཕལ་བ་བརྒྱ་ཡི་དོ་ཟླ་མིན།།

རིམ་རྩོལ་སྦྱོང་བ་ཅན་གྱི་གང་ཟག་རྣམས།།
འདྲ་མིན་ཉམས་ཀྱི་འཆར་སྒོ་དུ་མ་ཡིས།།
བློ་གྲོས་བལ་བ་ཛ་བཞིན་འཛིང་བའི་ཚེ།།
མ་ནོར་ལམ་མཁན་འདི་ལ་དྲིས་ཤིག་དང་།།

སྣ་ཚོགས་སོམ་ཉིའི་མདུད་པ་གྲོལ་དང་ལྷན།།
གོལ་ཤོར་ནོར་བའི་འཕྲང་རིང་ལས་བརྒལ་ཞིང་།།
བློ་འདས་ཆོས་སྐུའི་ཐང་དུ་དབུགས་ཕྱིན་ནས།།
བདེ་དགའི་ཉི་མ་སྙིང་ལ་འཆར་ཡང་སྲིད།།

ཀྱི་ཧུད་དབང་འབྱོར་དཔལ་ལ་འདོད་པའི་མེ།།
ལྷོག་ལྷོག་འབར་བ་སྙིགས་མའི་ཡང་མཐའ་འདིར།།
གཅིག་ཏུ་སྙིང་པོའི་དོན་ལ་རབ་གཞོལ་ནས།།
ཚེ་དང་སྒྲུབ་པ་སྙོམས་པ་རེ་རེ་ཙམ།།

དེ་ལྟ་ན་ཡང་རིག་འཛིན་བརྒྱུད་པ་ཡི།།
རྗེས་སུ་ཕྱོགས་ནས་ནང་གི་རྣལ་འབྱོར་ལ།།
མོས་བློའི་སྣང་བ་ཆ་ཙམ་སྐྱེ་བ་ཡང་།།
ཡི་རངས་བསྔགས་པའི་མེ་ཏོག་འཐོར་བའི་ཡུལ།།

མི་ཚེ་ནུབ་རིའི་ཉི་མ་ཕར་ཕར་འགྲོ།།
འཆི་བདག་དགུང་ཁའི་གྲིབ་སོ་ཚུར་ཚུར་འོང་།།
གསོན་པ་ཞེས་བྱ་ཡུད་ཙམ་སྣང་བ་སྟེ།།
སེམས་ཡོད་སུ་ཞིག་དོན་མེད་བྱ་བས་འདའ།།

ས་སྟེང་འདི་ན་རང་ཉིད་མེད་པར་ནི།།
འགྱུར་བའི་དུས་ཤིག་འབྱུང་ངེས་ཡིན་ནམ་ཞེས།།
རང་གིས་རང་ལ་བཏོན་པའི་དྲི་བ་འདིས།།
གསོན་པའི་འདུན་མའི་གཏད་སོ་ད་གདོད་རིག།

ད་ནི་ལོངས་མེད་རྒྱུད་ལ་བསྟེན་བྱས་ནས།།།
རེ་བའི་རྩེ་མོ་འཇིག་རྟེན་ཆོས་བརྒྱད་ལ།།
མངོན་པར་ཕྱོགས་ཏེ་ཤི་སྤུར་འཐམ་པ་ཡི།།
བློ་སྣ་འདི་ནི་མྱུར་དུ་བསྟུང་བར་རིགས།།

སྒྲུབ་པ་མ་གཏོགས་ཅིས་ཀྱང་དགོས་མེད་ཀྱི།།
དམ་བཅའི་རི་མོ་སྙིང་ལ་འབྲི་བཞིན་དུ།།
ཅང་ཤེས་རིན་ཆེན་སེམས་ཀྱི་ཁ་ལོ་དེ།།
ནང་གི་རྣལ་འབྱོར་ཕྱོགས་སུ་སྒྱུར་བར་ཞུ།།

ཁོ་བོ་དད་བརྩོན་ཞན་ཅིང་གཡེང་བ་ཆེ།།
རིང་ནས་གོམས་པའི་ཉོན་མོངས་ཆེས་ཆེར་རགས།།
ལྟ་སྒོམ་དྲོད་ཚད་ཆ་ཙམ་མ་རྙེད་པས།།
གཞན་ལ་གཞེན་སྐུལ་འདེབས་པར་མི་འོས་ཀྱང་།།

བཅོས་མའི་ཟོལ་སྤོང་ཉམས་མྱོང་རྗེན་པའི་གཏམ།།
ཤུལ་རིང་མགྲོན་པོའི་རྒྱང་གླུ་འདི་ཐོས་པས།།
ཧ་ཅང་སྣང་ཉམས་འུར་བའི་རྐྱེན་བྱས་ནས།།
གང་ཤར་བྱུང་རྒྱལ་ཐལ་ལོ་ཐུགས་མ་ཁྲེལ།།

དེ་སྐད་སྨྲས་པ་ལས་ཐོབ་དགེ་བ་ཡིས།།
སྙིང་པོའི་དོན་ལ་སེམས་པའི་སྐལ་བཟང་དག།
ཉམས་ཞེན་ཡིད་དཔྱོད་འཛིན་པ་ལས་གྲོལ་ནས།།
དོན་དམ་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག།

ཅེས་པ་འདི་ནི་ལྟ་སྒོམ་ཁ་ན་ཁྱེར་ཡང་ཉམས་མྱོང་གིས་ཕོངས་པའི་སྙོམ་ལས་པ་བསྟན་འཛིན་རྒྱ་མཚོས་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་ལོའི་སྟོན་ཁར་གསེར་ལྗོངས་བླ་མ་རུང་དུ་བྲིས་པ་སྟེ་རང་དང་སྐལ་བ་མཉམ་པ་དག་ལ་ཕན་པ་འབྱུང་བའི་རྒྱུར་གྱུར་ཅིག།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *