རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོའི་གསུང་རྩོམ་གསར་པ།
རྩོམ་ཡིག་འདི་ཐེངས་ 36 བཀླགས་འདུག

༄༅། །ཏུན་ཧོང་ཆོས་གཞུང་གཅེས་བསྡུས་ཀྱི་སྔོན་དུ་འགྲོ་བའི་གཏམ།
རྩོམ་པ་པོ། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།
དེ་ཡང་གནའ་རབས་ཐུ་བྷོད་རྒྱལ་ཁམས་ཀྱི་ཤར་མཐའི་གད་གཤོང་ཆེན་མོའི་ཕུག་པ་རྙིང་པ་ཞིག་ཏུ་མི་ལོ་སྟོང་ཕྲག་གཅིག་གི་ཡར་སྔོན་བཙན་པོའི་རྒྱལ་རབས་སྐབས་སུ་ལག་བྲིས་བྱས་པའི་བོད་ཡིག་རྙིང་པ་ཕོན་ཆེན་ཞིག་རིན་ཆེན་རིན་ཐང་བྲལ་བའི་གཏེར་མཛོད་ཆེན་པོའི་ཚུལ་དུ་བཞུགས་ཤིང་། ས་ཆ་འདིའི་མིང་ལ་དེང་སང་བོད་ཡིག་ནང་ཏུན་ཧོང་ཞེས་འབྲི་བཞིན་ཡོད་ལ། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས། རྒྱ་བོད་ཀྱི་ས་མཚམས་ཏུན་ཧུའང་གི་གནས་སུ། ཞེས་ཧོང་གི་ཚབ་ཏུ་ཧུའང་ཞེས་བྲིས་ཡོད་དོ། །མིང་འདི་ཧན་རྒྱལ་རབས་སྐབས་ཏི་ཁ་རཱེའམ་ཏོའུ་ཧྭོ་ལོ་ཞེས་པའི་མི་རིགས་ཤིག་ས་ཆ་འདིར་གཞིས་ཆགས་ནས་ཡུན་རིང་སྡོད་མྱོང་ཞིང་། དེའི་སྒྲ་གདངས་ཟུར་ཆག་པ་ལས་བྱུང་བར་འདོད་པ་དང་། འགའ་རེས་གནའ་རབས་འཇང་གི་སྐད་ཀྱི་ཏོ་ཧྭང་(གསུང་རབ་ཀློག་གནས་སམ་མདོ་སྡེ་ཀློག་གནས་ཞེས་པའི་དོན་ཡིན་པར་བཤད།) ཞེས་པའི་སྒྲ་འགྱུར་བ་ལས་བྱུང་བར་འདོད་པ་དང་། ཁ་ཅིག་གིས་བོད་སྐད་ཀྱི་སྟོང་སྐུའམ་སྟོང་དཔོན་དང་། ཡང་ན་འདུ་ཁང་ཞེས་པ་ཨ་མདོའི་སྐད་ལྟར་ཀློག་པའི་སྒྲ་གདངས་ཟུར་ཆག་པ་ལས་བྱུང་བར་འདོད་པ་སོགས་བཤད་ཚུལ་མི་འདྲ་བ་མང་ངོ་། །གང་ལྟར་ས་ཆ་འདི་དབང་ཕྱུག་དམ་པའི་མངའ་བདག་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ནས་ལྷ་སྲས་དར་མ་འུ་དུམ་བཙན་པོ་རྐྱེན་ལམ་དུ་ཕྱིན་པའི་རྗེས་ཙམ་བར་ཐུ་བྷོད་ཀྱི་མངའ་ཁོངས་སུ་གནས་ཤིང་། ཁ་ཅིག་གིས་མི་ལོ་དྲུག་ཅུ་བདུན་ཅུ་ཙམ་དང་། ཁ་ཅིག་གིས་མི་ལོ་བརྒྱ་ཕྲག་ཙམ་གྱི་རིང་ལ་བོད་རྗེ་བཙན་པོའི་ཆབ་འོག་ཏུ་གནས་པར་བཤད་དོ། །བཤད་ཚུལ་ཕྱི་མ་འདིའང་ཁུངས་ལུང་རྒྱུ་མཚན་མེད་པ་ཞིག་ནི་མ་ཡིན་ཏེ། ཏུན་ཧོང་ཡིག་ཚང་ལས་བྱུང་བའི་ཤོག་འཁྱར་ཞིག་ལས། ༄། །རྒྱལ་པོ་ཁྲི་ལྡེ་གཙུག་བརྩན་(ཁྲི་སྲོང་ལྡེའུ་བཙན་གྱི་ཡབ)གྱྀ་རིང་ལ། །བློན་ཆེ་(ཆེན)སྟག་སྒྲ་ཁོང་ལོད་དང་རྗེ་བློན་མོལ་ནས། །རྒྱ་ལ་ཆབ་སྲིད་མཛད་ན་(ནས)། །རྒྱལ་པོ་ཞབས་ཀྱིས་བཙུགས་ཏེ། །རྒྱའི་མཁར་ཀྭ་ཅུ་ལ་སོགས་པ་ཕབ། ཅེས་འབྱུང་བ་ལ་གཞིགས་ན་བཙན་པོ་ཁྲི་སྲོང་གི་ཡབ་ཀྱི་སྐུ་རིང་ནས་ཀྭ་ཅུའམ་བཀྭའ་ཀྲུའུ་སོགས་མངའ་འོག་ཏུ་བསྡུས་ཟིན་པར་གསལ་བར་བསྟན་པའི་ཕྱིར་རོ། །ས་ཆ་འདི་ཐུ་བྷོད་ཀྱིས་དབང་བསྒྱུར་བྱས་པའི་རིང་ལ་ཡུལ་དེའི་ནང་པའི་ཆོས་ལ་སྲུང་སྐྱོབ་བླ་ལྷག་ཏུ་བྱས་ཤིང་། བསྟན་པ་དར་སྤེལ་གཏོང་ཐབས་ལ་བྱ་བ་རྒྱ་ཆེན་པོ་བྱས་པར་མ་ཟད། ཏུན་ཧོང་མངའ་ཁུལ་དུ་སྔ་ཕྱིར་དགོན་པ་ལྔ་བཅུ་ལྷག་ཙམ་གསར་བཞེངས་བྱས་པའི་ལོ་རྒྱུས་འདུག་ལ། ཁྲི་གཙུག་ལྡེ་བཙན་(ཁྲི་རལ་པ་ཅན)གྱི་བློན་ཆེན་ཞང་ཁྲི་སུམ་རྗེ་སྟག་སྣང་གིས་ཀྱང་ཕྱོགས་འདིར་དགོན་པ་ཞིག་གསར་བཞེངས་བགྱིས་ཚུལ་སྐོར་གྱི་བྱུང་རབས་སོགས་རྒྱའི་ཡིག་ཚང་དུ་གསལ་པོར་འཁོད་འདུག་གོ །

ཏུན་ཧོང་ས་ཁུལ་གྱི་མོ་ཀོ་ཁུའུ་ཞེས་གྲགས་པའི་ཕུག་པ་ཨང་ ༡༧ པར་ཉར་ཚགས་བྱས་པའི་རྒྱ་དཀར་ནག་དང་ལི་ཡུལ་དང་མི་ཉག་སོགས་རྒྱལ་ཁམས་དང་མི་རིགས་གཞན་གྱི་ཡིག་ཚགས་རྣམས་མ་བརྩིས་པར། བོད་ཡིག་རྐྱང་པ་བརྩིས་ནའང་ཡིག་སྣ་འདྲ་མིན་རྣམ་གྲངས་ཁྲི་ཕྲག་ལས་བརྒལ་བ་ཡོད་ཚུལ་བཀོད་ཡོད་ཅིང་། དུས་རབས་བཅུ་གཅིག་པའི་གོང་དུ་ཡིག་རྙིང་དེ་དག་ཁམས་གསུམ་གཙུག་ལག་ཁང་སོགས་ལྷ་ཁང་དང་དགོན་པ་ཁག་ཏུ་ཉར་ཚགས་གནང་ཡོད་ཀྱང་། དེ་སྐབས་ཁ་ཆེའི་ཆོས་ལ་དད་པ་བྱེད་པའི་ཏུ་རུཥྐའི་རྒྱལ་པོ་ཧྭེས་ཧྭན་གྱིས་ལི་ཡུལ་གྱི་ནང་པའི་ཡུལ་སྡེ་རྣམས་ལ་དཔུང་འཇུག་བྱས་ཏེ་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རྨེག་མེད་དུ་གཏོང་བའི་སྦྱོར་བ་མངོན་པར་བརྩམས་ཏེ། རིམ་གྱིས་ཤར་ཕྱོགས་སུ་མངའ་ཁོངས་རྒྱ་བསྐྱེད་མུས་སུ་ཡོད་པའི་གནས་སྟངས་འོག ཏུན་ཧོང་ས་ཆའང་ཁོང་ཚོས་བཙན་བཟུང་བྱས་ཏེ་ཡིག་ཚང་དེ་དག་རིལ་གྱིས་བརླག་པར་དོགས་ནས་ལྷག་བསམ་ཅན་གྱི་དགེ་འདུན་པ་འགས་ཕུག་པ་འདིའི་ནང་དུ་གསང་སྟབས་ཀྱིས་བསྐྱལ་ནས་སྒོ་ལ་ཞལ་བ་བྱས་ཤིང་མི་མངོན་པར་བྱས་ཏེ་བཞག་ཚུལ་དང་། དེ་སྐབས་ཕྱོགས་འདི་མི་ཉག་གིས་དབང་སྒྱུར་བཞིན་པའི་སྐབས་ཡིན་པར་བཤད་དོ། །དུས་དེ་ནས་བཟུང་མི་ལོ་བརྒྱ་ཕྲག་མང་པོའི་རིང་རྩ་ཆེའི་ཡིག་རྙིང་དེ་དག་མངོན་ཆུང་གིས་ལྷ་ཁང་གི་རྣམ་པ་ཅན་གྱི་ཕུག་པ་དེར་ཁ་ཁུ་སིམ་པོའི་ངང་བཞུགས་ཏེ་ས་འོག་གི་གཏེར་བཞིན་སུས་ཀྱང་མཐོང་ཐོས་ཀྱི་སྤྱོད་ཡུལ་མ་གྱུར་པའི་གནས་སྟངས་འོག་དུས་ཡུན་རིང་པོ་ཞིག་འདས་སོ། །དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་གནའ་བོའི་ཡིག་རྙིང་གི་རིན་ཐང་ཤེས་མཁན་དབྱིན་ཇིའི་མཁས་པ་སི་ཊན་ཡེན་དང་། ཧྥ་རན་སིའི་མཁས་པ་ཕཱོ་ཕེལི་ཨེཏྛི་སོགས་མྱུལ་དཔྱད་པ་འགས་ཡིག་ཆ་དེ་དག་ཕལ་མོ་ཆེ་ཕྱི་རྒྱལ་དུ་ཁྱེར་ནས་སོང་ཞིང་། དུས་ཚོད་གང་འཚམ་ཞིག་འགོར་རྗེས་གཞི་ནས་མི་རྣམས་ཀྱིས་ཏུན་ཧོང་ཡིག་རྙིང་ཞེས་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་སྟེ་དོ་སྣང་བྱེད་མཁན་མང་དུ་སོང་བར་མ་ཟད། ཆེད་ལས་ཞིབ་དཔྱོད་པ་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་ནས་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆེན་པོ་བྱུང་ཡོད་དོ། །དང་ཐོག་དབྱིན་ཇིར་དྲངས་པ་རྣམས་རྒྱལ་ཁབ་དེའི་དངོས་མང་བཤམས་སྟོན་ཁང་དང་ཧུན་རྡུ་དོན་གཅོད་ཁང་གི་དཔེ་མཛོད་ཁང་ལ་བགོས་པ་དང་། སླད་ནས་ཕྱོགས་གཅིག་ཏུ་བསྡོམས་ཏེ་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་ཡོད་ལ། ཧྥ་རན་སིར་དྲངས་པ་རྣམས་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་གི་ཧུན་རྡུ་དང་ཤར་ཕྱོགས་དོན་གཅོད་ཁང་གིས་ཉར་ཚགས་བྱས་ཡོད་པ་དང་། ཨུ་རུ་སུར་དྲངས་པ་རྣམས་ད་ལྟ་ཨུ་རུ་སུའི་ཚན་རིག་གླིང་ཤར་ཕྱོགས་ཡིག་ཚགས་ཞིབ་འཇུག་ཁང་དུ་ཉར་ཚགས་བྱས་ཡོད་པ་སྐད་དང་། འཇར་པན་དུ་ཉུང་ཤས་ཤིག་དྲངས་པ་རྣམས་ནི་ས་གནས་སོ་སོར་ཁ་འཐོར་གྱི་ཚུལ་དུ་ཡོད་པ་ལས་ཕྱོགས་གཅིག་ཏུ་བསྡུ་བའི་རྩོལ་བ་བྱེད་མཁན་སོགས་མ་བྱུང་བར་བཤད་དོ། །དེར་མ་ཟད་རྒྱ་གར་གྱི་རྒྱལ་ས་དྷི་ལི་གསར་བའི་དཔེ་མཛོད་ཁང་དང་། ཀྲུང་གོའི་ཀན་སུའུ་དང་། ཧྲང་ཧྭེ་དང་། ཐེན་ཅིན་སོགས་གྲོང་ཁྱེར་དང་ས་ཁུལ་འགའི་དཔེ་མཛོད་ཁང་དང་དངོས་མང་བཤམས་སྟོན་ཁང་སོགས་སུའང་གང་འཚམ་རེ་ཉར་ཚགས་བྱས་ཡོད་པ་ཐོས་སོ། ། ཡིག་རྙིང་དེ་དག་གི་ཁྲོད་ནས་མང་ཆེ་བ་ནི་རྒྱ་ཡིག་དང་བོད་ཡིག་གཉིས་སུ་ངེས་ལ། བོད་ཡིག་གི་དཔེ་རྙིང་དག་ནི་ཕལ་ཆེར་དུས་རབས་བདུན་པ་ནས་དགུ་པའི་བར་ལག་བྲིས་བྱས་པ་ཤ་སྟག་རེད་འདུག་ལ། བརྡ་རྙིང་མང་ཞིང་ཡིག་གཟུགས་ཀྱང་ད་ལྟའི་བོད་ཡིག་དང་ཁྱད་པར་ཆེ་ཙམ་ཡོད་པ་སོགས་དཀྱུས་སུ་གསལ་བ་ལྟར་ལགས།
གནའ་ཡིག་འདི་དག་གི་ཁོངས་སུ། ལོ་རྒྱུས། སྨན་དཔྱད། བརྡ་སྤྲོད། བཟོ་གནས། གཟའ་སྐར་བརྟག་ཐབས། དམག་དོན་སྐོར་གྱི་ཡི་གེ ཁྲིམས་ཡིག ཞལ་ལྕེའི་ཤགས་ལན། དཀོར་རྩང་གི་རྩིས་ཁྲའི་ཐོ་ཡིག མི་ཆོས་ལུགས་ཀྱི་བསླབ་བྱ། ཀ་ཅ་གཡར་ལེན་དང་དཔྱ་ཆད་འཇལ་བའི་དཔང་རྒྱའི་ཡི་གེ ཆབ་ཤོག་འཕྲིན་ཡིག་སོགས་དང་། ཐ་ན། མོ་ཡིག བྱ་སྐད་བརྟག་ཐབས། རྟ་བཤད། རྟ་ནད་བཅོས་ཐབས་སོགས་སྣ་འཛོམས་རང་བཞིན་ཅན་གྱི་ཡིག་ཆ་འདྲ་མིན་ཆེས་མང་པོ་ཞིག་བདོག་པས་ཐུ་བྷོད་བཙན་པོའི་སྐབས་ཀྱི་སྲིད་འབྱོར་རིག་གསུམ་གྱི་གནས་སྟངས་དང་སྤྱི་ཚོགས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པ་ལ་རྩ་ཆེའི་རིན་ཐང་ཆེན་པོ་ལྡན་པར་ངེས་སོ། །
ཡིག་ཆ་དེ་དག་གི་ནང་ནས་མང་ཆེ་བ་ནི་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་དཔེ་རྙིང་རིགས་དག་ཡིན་པས། བོད་ཀྱི་ནང་ཆོས་ཕྱི་མོ་བསྟན་པ་སྔ་དར་གྱི་ལོ་རྒྱུས་དང་ལྟ་གྲུབ་ཀྱི་གཞུང་ལུགས་སོགས་ཞིབ་འཇུག་བྱེད་པར་དམིགས་བསལ་གྱི་དོན་སྙིང་ཆེན་པོ་ལྡན་པར་ཡིད་ཆེས་བྱེད་ཆོག ཡིག་རྙིང་དེ་ཚོའི་ཁྲོད་ན་པཎ་ཆེན་སྨྲྀ་ཏི་ཛྙཱ་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་བྱོན་པ་ཚུན་ཆད་ནས་བསྒྱུར་བའི་བཀའ་དང་བསྟན་བཅོས་ཀྱི་རིགས་རྣམས་མཐོང་རྒྱུ་ཧ་ལམ་མེད་པས། ཏུན་ཧོང་ཡིག་རྙིང་ཁྲོད་དུ་བཞུགས་པའི་བཀའ་དང་བསྟན་བཅོས་ཀྱི་རིགས་བོད་སྐད་དུ་འགྱུར་རོ་ཅོག་སྤྱིར་བཏང་གི་ཆ་ནས་སྔ་འགྱུར་དུ་གཏོགས་པར་བྱེད་དགོས་ཤིང་། བྱེ་བྲག་གསང་སྔགས་དང་འབྲེལ་བའི་རྒྱུད་དང་། འགྲེལ་པ། སྒྲུབ་ཐབས་སོགས་བོད་སྐད་དུ་གང་འགྱུར་བ་རྣམས་ནི་གསང་སྔགས་སྔ་འགྱུར་གྱི་མཚན་གཞིར་འཇོག་འོས་པ་ཡིན་ནོ། །
དེ་ཡང་གྲངས་མང་ཉུང་གི་དབང་དུ་བྱས་ན། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་། འཕགས་པ་དཀོན་མཆོག་བརྩེགས་པ་སོགས་མདོ་སྡེ་ཆེ་གྲས་རྣམས་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ། སཱ་ལུ་ལྗང་པའི་མདོ། ལང་ཀར་གཤེགས་པའི་མདོ། བློ་གྲོས་མི་ཟད་པའི་མདོ། དགོངས་པ་ངེས་པར་འགྲེལ་པའི་མདོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ་སོགས་ཀྱིས་བརྒྱ་ཆ་མང་ཙམ་བཟུང་ཡོད་ལ། གསེར་འོད་དམ་པ། གཙུག་ཏོར་གདུགས་དཀར་མོ། སྟོབས་པོ་ཆེ། གནམ་ས་སྣང་བརྒྱད། ཚེ་མདོ། རྡོ་རྗེ་གཅོད་པ། ཤེས་རབ་སྙིང་པོ། མདོ་སྡུད་པ། ཕུང་པོ་གསུམ་པ། བཟང་སྤྱོད་སྨོན་ལམ་སོགས་གསུང་རབ་གཞན་དང་མི་འདྲ་བར་བསྐྱར་ཞིང་ཟློས་པའི་ཚུལ་གྱིས་ཤུགས་ཆེར་བྱུང་བ་ནི་གནའ་བོའི་དུས་སུ་དད་ལྡན་རྣམས་ཀྱིས་གང་ཟག་སྒེར་གྱི་སྐུ་ཡོན་དུ་གསུང་རབ་ཀྱི་རིགས་འབྲི་བཞེངས་བྱེད་པའི་གོམས་སྲོལ་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་སྣང་ངོ་། །
ཏུན་ཧོང་ཡིག་རྙིང་གི་ཁྲོད་ན་མདོ་རྒྱུད་མན་ངག་གི་རིགས་སུ་གཏོགས་པ་བསྟན་པ་སྔ་དར་གྱི་དུས་སུ་ཡོད་པ་གང་ཞིག་ལ། ཕྱིས་སུ་དཔེ་རྒྱུན་ཆད་ནས་ད་ལྟ་རང་རེས་མཐོང་ལམ་དུ་གྱུར་པའི་བཀའ་བསྟན་དཔར་མ་རྣམས་ཀྱི་གྲས་སུ་ཚུད་མེད་པའི་རིགས་ཀྱང་མང་ཙམ་ཞིག་བཞུགས་པ་འདྲ་སྟེ། དཔེར་ན། སྣང་བ་བསམ་དུ་མེད་པ་ཞེས་བྱ་བའི་མདོ། འཕགས་པ་གླང་པོ་དང་མཚུངས་པའི་མདོ། གཙུག་ཏོར་ཆེན་པོ་བམ་པོ་བརྒྱད་པ་ལས་བྱུང་བ། འཕགས་པ་རིན་པོ་ཆེའི་ཕུང་པོའི་མདོ། ལྷས་གསོལ་བའི་མདོ། དཀོན་མཆོག་དབལ། ཀླུའི་རྒྱལ་པོས་ཀུན་ནས་དྲིས་པ་ཞེས་བྱ་བའི་མདོ། ཚེ་ཚད་མེད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། དུས་དྲུག་གི་དྷརྨ། རྣལ་འབྱོར་གྱི་མདོ། འཕགས་པ་དུས་དང་དུས་མ་ཡིན་པར་བསྟན་པའི་མདོ། མྱ་ངན་ལས་འདས་པ་ཆེན་པོ་ཆོས་ཀྱི་ཡི་གེ་བམ་པོ་དྲུག་པ་སོགས་མདོ་སྡེ་དུ་མ་དང་། འགའ་ལའི་(ཡའི་)རྩེ་མོའི་ཐེག་པ་ཆེན་པོའི་མདོ་བཤད་པ། ཀླུ་སྒྲུབ་ཀྱིས་མཛད་པའི་ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཕགས་པ་ལྷས་མཛད་པའི་བསྟན་བཅོས་ཡི་གེ་བརྒྱ་པའི་མགོ་ནན་བརྗེད་བྱང་། ཡི་གེ་བརྒྱ་པའི་འགྲེལ་པ་འགོས་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། སློབ་དཔོན་ཉི་མའི་འོད་ཀྱིས་མཛད་པའི་ལྟ་བའི་རིམ་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ལྟ་བའི་ས་ཆོད། དགེ་སློང་ཆོས་གྲུབ་ཀྱིས་མདོ་སྡེ་དང་འདུལ་བ་དང་བསྟན་བཅོས་རྣམས་ལས་བཏུས་ཏེ་བགྱིས་པ། སློབ་དཔོན་ཨུར་ལང་གིས་མཛད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཚིག་ལེའུར་བྱས་པ་སུམ་ཅུ་པའི་རྣམ་པར་བཤད་པ། བྱང་ཆུབ་སེམས་དཔའི་སའི་རྩིས་མགོ་བརྗེད་བྱང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་རྣམ་པར་བཤད་པ་ཚིག་ལེའུར་བྱས་པ།(འདི་བསྟན་འགྱུར་ཁྲོད་ན་བཞུགས་པའི་རྡོ་རྗེ་གཅོད་པའི་གནས་བདུན་གྱི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་མི་འདྲའོ། །) གཙུག་ཏོར་གདུགས་དཀར་པོ་ལས་བཞི་པའི་ཆོ་ག འཕགས་པ་ངན་སོང་སྦྱོང་བའི་གཏིང་གི་མཛད་བྱང་རིམ་པར་ཕྱེ་བ། ངན་སོང་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་དཀྱིལ་འཁོར་མཛད་པའི་དུས་སུ་ཆོ་ག་ཇི་ལྟར་བྱ་བའི་ཐབས་བརྗེད་བྱང་དུ་བྲིས་པ། སིངྒ་ལའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་མཆན་ཅན། འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། ན་མོ་དེ་ཁོ་ན་ཉིད་ཀྱི་སྣང་བ་དམ་པ་རྒྱན་གྱི་སྒོམ་ཐབས།(འདི་སྤྱི་ཁོག་ནས་སངས་རྒྱས་གསང་བས་མཛད་པའི་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་སྣང་བ་དམ་པ་རྒྱན་དང་གཅིག་གོ །) སྒྱུ་འཕྲུལ་ཞི་བའི་མཆོག་འཕོ་བའི་འཕྲིན་ལས་བསྡུས་པ། སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་ཚུལ། ཞི་བའི་སྦྱིན་སྲེག་ལག་ལེན་མན་ངག་ཁོལ་བུར་ཕྱུང་བ། གཏོར་མ་བཏང་བའི་ཐབས་བརྟག་པ་རྣམ་པ་བཞི། ཆུ་གཏོར་གྱི་གླེང་གཞི་དང་ཕན་ཡོན། ཆུ་གཏོར་གྱི་གཞུང་། བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀའི་དཀྱིལ་འཁོར་བསྐྱེད་པའི་ཆོ་ག དགེ་སློང་དཔལ་བརྩེགས་ཀྱིས་མཛད་པའི་མཆོད་པའི་ལེའུ། ཚོགས་ཀྱི་དཀྱིལ་འཁོར་གྱི་ཆོ་གའི་རྒྱུད་དང་ལས་ཀྱི་གོ་རིམ། རྡོ་རྗེ་དཔལ་ཧཱུཾ་གི་སྒྲུབ་ཐབས། ཨརྱ་ཏད་ཏྭ་སང་གྲ་ཧ་ས་དྷ་ནོ་པི་ཀ་སྟེ་དེ་ཉིད་འདུས་པའི་སྒྲུབ་ཐབས་སོགས་ཡིན་ལ། དེར་མ་ཟད་ད་ལན་དཔར་དུ་བསྐྲུན་པའི་དེབ་འདིའི་ནང་གི་ཡིག་ཆ་མང་ཆེ་བའང་བོད་ཡུལ་དུ་དེ་སྔ་ཤིང་དཔར་ལ་འཁོད་པའི་བཀའ་བསྟན་ནང་ན་མེད་པ་ཤ་སྟག་གོ །

རྒྱུད་ཀྱི་སྐོར་ལ། རྡོ་རྗེ་རྣམ་པར་འཇོམས་པ་དང་། སྟོང་ཆེན་རབ་འཇོམས། རྨ་བྱ་ཆེན་མོ། སོ་སོར་འབྲང་མ། བསིལ་བ་ཚལ་མ། གསང་སྔགས་རྗེས་འཛིན་མ། དྲི་མེད་རྣམ་གཉིས། དེ་ཉིད་འདུས་པ། ངན་སོང་སྦྱོང་རྒྱུད་སོགས་རྒྱུད་སྡེ་འོག་མ་དང་འབྲེལ་བ་རྣམས་དང་། གསང་སྔགས་བླ་མེད་དུ་གཏོགས་པ། གསང་བ་འདུས་པ། ཟླ་གསང་ཐིག་ལེ། ཡང་དག་ཧེ་རུ་ཀ རྡོ་རྗེ་ཕུར་པ་སོགས་ཀྱི་སྒྲུབ་ཐབས་དང་དཀྱིལ་ཆོག་ཅི་རིགས་ཤིག་བཞུགས་སོ། །འདི་དག་ཀྱང་བསྟན་པ་སྔ་དར་གྱི་དུས་སུ་བསྒྱུར་བའི་འགྱུར་རྙིང་ཤ་སྟག་སྟེ། དཔེར་ན་གསང་བ་འདུས་པ་ལྟ་བུ་ལ་མཚོན་ན་དེང་སང་རང་རེའི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་གསང་འདུས་ཀྱི་འགྱུར་བྱང་དུ། པཎྜི་ཏ་ཤྲད་དྷཱ་ཀ་ར་ཝརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར། ཞེས་བཀོད་ཡོད་ཀྱང་། དོན་དུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ནང་ཚན་ཐུགས་ཀྱི་རྒྱུད་གསང་བ་འདུས་པ་ཞེས་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱིས་བསྒྱུར་བར་བཤད་ཅིང་། བི་མ་མི་ཏྲ་དང་དཔལ་བརྩེགས་ཀྱིས་བསྒྱུར་བའི་འགྱུར་ཡང་ཡོད་པར་མ་ཟད། སློབ་དཔོན་ཆེན་པོ་རྡོ་རྗེ་བཞད་པས་མཛད་པའི་གསང་འདུས་ཀྱི་འགྲེལ་པ་དང་། བི་ཤྭ་མི་ཏྲའི་གསང་འདུས་ཀྱི་འགྲེལ་པ་གཉིས་ཀྱང་སྔ་འགྱུར་ཁོ་ནར་ངེས་ཚུལ་དང་། ཡེ་ཤེས་ཞབས་ལུགས་ཀྱང་སྔ་འགྱུར་ཡིན་ཚུལ་སྦ་བཞེད་སོགས་སུ་གསལ་བ་ལྟར་ཡིན་ལ། ཏུན་ཧོང་ཡིག་ཚང་གི་ཁྲོད་ནས་གསང་འདུས་ཀྱི་འགྱུར་རྙིང་བྱུང་བ་འདིས་ཡང་བསྐྱར་ཁུངས་སྐྱེལ་བྱས་པ་ལྟ་བུ་ཞིག་མངོན་ཡོད།
དེ་ལྟར་ན་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་གསང་བ་འདུས་པ་དང་། རྙིང་ལུགས་བཀའ་མའི་ཁྲོད་ན་བཞུགས་པའི་གསང་བ་འདུས་པ་དང་། བཀའ་འགྱུར་ཁྲོད་ཀྱི་གསར་འགྱུར་གསང་བ་འདུས་པ་རིགས་གཉིས་བཅས་འགྱུར་སྣ་མི་འདྲ་བ་བཞི་ཙམ་ད་ལྟ་མཇལ་དུ་ཡོད་ལ། དེའི་ཐོག་ཏུ་རྒྱ་ནག་བཀའ་འགྱུར་ནང་གི་རྡོ་རྗེ་རྩེ་མོ་འདུས་པ་བཅོ་བརྒྱད་པའི་ཁྲོད་ན་བཞུགས་པའི་གསང་བ་འདུས་པ་(佛说一切如来金刚三业最上秘密大教王经)དང་། དེ་དག་གི་ཕྱི་མོའི་བསྒྱུར་གཞི་སཾསྐྲྀ་ཏའི་ཡི་གེའི་རྒྱ་དཔེའང་ཕྱི་རྒྱལ་གྱི་སློབ་གྲྭ་ཆེན་པོ་འགར་བཞུགས་པ་དཔེ་བཤུས་བྱེད་ཐུབ་ཀྱི་ཡོད་པས། དེ་ཚོ་ཚང་མ་མཉམ་བསྡུར་བྱེད་ཐུབ་ན་ཕྱོགས་སྒོར་མོ་ནས་དཔྱད་ཞིབ་དཔྱིས་ཕྱིན་པ་ཞིག་གནང་ཐུབ་པར་སྙམ།
སྤྱིར་ལེགས་སྦྱར་གྱི་རྒྱ་དཔེ་དང་བསྡུར་ཚེ་རང་རེའི་བཀའ་བསྟན་རྣམས་མི་རིགས་གཞན་གྱི་ཡིག་ཐོག་ཏུ་ཡོད་པའི་གསུང་རབ་རྣམས་ལས་དག་ཅིང་སྤུས་གཙང་བ་ཡོད་པ་ནི་སྤོབས་པ་སྐྱེ་འོས་པའི་གནས་ཤིག་ཡིན་པ་སྨོས་ཅི་དགོས་ཏེ། ཞན་ཆ་གཅིག་ཡོད་པ་ནི། ལོ་ཙཱ་བ་ཕྱི་མ་ཕྱི་མ་རྣམས་ཀྱིས་འགྱུར་སྔ་མ་སྔ་མ་རྣམས་འགྱུར་བཅོས་བྱེད་རིམ་བཞིན་ཕྱི་མ་དེས་སྔ་མའི་ཚབ་ཡོང་ངེས་དང་། སྔ་མ་དང་བསྡུར་ན་ཕྱི་མ་དེ་འཁྲུལ་བྲལ་ནོར་མེད་ཡིན་ངེས་ཀྱི་ལུགས་སུ་བྱས་ཏེ་འགྱུར་རྙིང་རྣམས་ཀྱི་དཔེ་ཕལ་མོ་ཆེ་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་སྟེ་ཕྲིན་ལས་ཀྱི་མཇུག་བསྡུས་སུ་བཅུག་འདུག་པ་དེ་ཡིན་ལ། འདི་ནི་ཆེས་ཤིན་ཏུ་མ་སྟེས་པ་ཞིག་སྟེ། སྐབས་འགར་གཞི་ན་ཡོད་པའི་འགྱུར་སྔ་མ་དེ་དག་པ་ཡིན་པ་ལ། འགྱུར་བཅོས་བྱེད་སྐབས་དག་པ་ཉིད་མ་དག་པར་བཅོས་ནོར་བྱས་པ་དེ་འདྲའང་ཡོད་མི་སྲིད་པ་མ་ཡིན་པས་ན། སྔར་གྱི་འགྱུར་རྙིང་རྣམས་རང་སོར་བཞག་ཅིང་འགྱུར་བཅོས་བྱས་ཚད་ཀྱི་དཔེ་རྣམས་ཟུར་དུ་བཞག་ནས་ཚང་མ་མཉམ་དུ་གཅེས་ཉར་ལེགས་པོར་བགྱིས་ཡོད་པའི་དབང་དུ་ན། ཕྱིས་འབྱུང་དོན་གཉེར་ཅན་རྣམས་ཀྱིས་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་འགྱུར་སྔ་ཕྱི་བསྡུར་དཔྱད་བྱས་ནས་དག་མ་དག་གི་རྣམ་དབྱེ་འབྱེད་ཆོག་པ་ལ། དེ་ལས་ལྡོག་སྟེ་སྔ་མ་རྣམས་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་ནས་མཐོང་རྒྱུ་མེད་པར་བཟོས་ཚེ་དཔྱད་བསྡུར་བྱེད་སའི་གཞི་སྟོར་བས་དོགས་གནས་ཡོད་རིགས་ལ་ཞིབ་མོར་དཔྱོད་དགོས་ཚེ་སྣ་འཛོམས་རང་བཞིན་གྱི་རྒྱུ་ཆ་མེད་པའི་ཞན་ཆའི་སྐྱོན་དང་བཅས་པ་ནི་དངོས་ཡོད་གནས་ཚུལ་ཡིན་ནོ། །
དེ་ལྟ་བུའི་ཧོར་ཀོང་ངམ་སྟོང་ཆ་དེ་ཏུན་ཧོང་གི་ཡིག་ཚང་གིས་གང་འཚམ་ཞིག་ཁ་གསབ་ཐུབ་ཀྱི་ཡོད་ལ། འགྱུར་སྣ་མི་འདྲ་བ་སྣ་ཚོགས་པ་ཕན་ཚུན་གོ་བསྡུར་ན། འགྱུར་གཅིག་གི་ནང་དུ་གོ་མི་བདེ་བའི་རིགས་སུ་གཏོགས་པ་ཁག་ཅིག་འགྱུར་གཞན་པ་དེའི་ནང་ན་ཁ་གསལ་ཞིང་གོ་བདེ་བར་བསྒྱུར་འདུག་པ་སོགས་ཐོས་བསམ་སློབ་གཉེར་པ་དང་ཞིབ་འཇུག་བྱེད་མཁན་རྣམས་ལ་ལྟོས་ན་བློ་གྲོས་ཀྱི་སྒོ་མོ་རྒྱ་ཆེ་ས་ནས་འབྱེད་པའི་རྒྱུ་ཆ་མང་པོ་ཞིག་བདོག་པར་ངེས་ཏེ། དཔེ་མཚོན་འགའ་ཞིག་འགོད་ན། རང་རེའི་བསྟན་འགྱུར་ཁྲོད་ན་བཞུགས་པའི་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག་དང་། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་སོགས་ལས། འཆི་བ་དང་། དགྲ་དང་དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག ཅེས་འབྱུང་ཞིང་། དགོན་པའི་གནོད་པ་ཞེས་པ་ཅི་ཞིག་ལ་ཟེར་སྐོར་འགྲེལ་པ་དང་མཆན་སོགས་ལ་མ་ལྟོས་པར་ཐད་ཀར་ཅུང་ཟད་གོ་དཀའ་བ་ཡོད་མོད། ཏུན་ཧོང་གི་འགྱུར་གཅིག་ལས། འཆི་བ་དང་དགྲ་དང་དགོན་པའི་གདོན་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག ཅེས་དགོན་པའི་གནོད་པ་ཞེས་པ་དེ་འབྲོག་དགོན་པ་ན་གནས་པའི་མི་མ་ཡིན་གྱི་གནོད་པ་ཉིད་ལ་བྱ་བ་ཡིན་པ་ཤིན་ཏུ་གསལ་བ་ལྟ་བུ་དང་། དེ་བཞིན་དུ་བཟང་སྤྱོད་ཀྱི་ལུང་། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་པ་ལ། འགྲོ་བ་ཀུན་གྱི་སྐད་རྣམས་ཅི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཤོག །ཅེས་དང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་པ་ལ། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །ཞེས་དང་། རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །ཅེས་པ་ལ། རྟག་ཏུ་དེ་དག་རྣམས་ཀྱི་སྤྱོད་ཡུལ་ལ། སྒྱུ་མར་གྱུར་པའི་རྣམ་ཐར་མཐུས་འཇུག་ཤོག ཅེས་དང་། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །ཞེས་པ་ལ། གསུང་ཆ་གཅིག་ལ་རྒྱ་མཚོ་སྙེད་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་ཤོག །ཅེས་དང་། ཕུང་པོ་གསུམ་པའི་མདོ་ལས་འབྱུང་བའི། སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བྱིན་པའི་དགེ་བའི་རྩ་བ། ཞེས་པ་ལ། སྦྱིན་པའི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བྱིན་པའི་དགེ་བའི་རྩ་བ། ཞེས་དང་། རྡོ་རྗེ་གཅོད་པ་ལས་འབྱུང་བའི། སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། ཞེས་པ་ལ། ཆོས་ཉིད་དུ་ནི་སངས་རྒྱས་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་རིག་པར་མི་ནུས་ཏེ། །ཞེས་སོགས་དང་། རྩ་ཤེས་ཀྱི་ལུང་། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་པ་ལ། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་གསོར་མི་རུང་བར་གསུངས། །ཞེས་སོགས་འབྱུང་བ་ལྟ་བུ་སྟེ། འདི་འདྲའི་དཔེ་མཚོན་ཤིན་ཏུ་མང་བར་སྣང་ངོ་། །
དེ་ལྟར་འགྱུར་གྱི་ཁྱད་པར་ལས་བརྗོད་གཞི་གཅིག་ལའང་རྗོད་བྱེད་འདྲ་མིན་གྱི་རྣམ་གྲངས་དུ་མ་འབྱུང་ཞིང་། ལོ་ཙཱ་བ་ཕྱི་མ་ཕྱི་མ་རྣམས་ཀྱིས་བསྲེགས་བཅད་བརྡར་བའི་གསེར་བཞིན་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པ་རྣམས་སྤྱིར་བཏང་གི་དབང་དུ་བྱས་ན་རྒྱ་དཔེ་དང་མཐུན་ཚབས་ཆེ་ཞིང་གོ་བདེ་བ་ཡོད་པར་ངེས་ཀྱང་། ཚིག་དང་དོན་གྱི་ཆ་འགའ་ཞིག་ལ་ནི་འགྱུར་རྙིང་མའི་རིགས་སྤྱི་དང་། བྱེ་བྲག་ཏུ་ཏུན་ཧོང་ཡིག་ཚང་ན་བཞུགས་པའི་འགྱུར་རྙིང་རྣམས་ཅུང་ཟད་དག་པ་ཡོད་མཆི་སྟེ། དཔེར་ན་འཕགས་པ་འདུ་ཤེས་བཅུ་བསྟན་པའི་མདོ་ཞེས་པ་དེང་སང་རང་རེའི་བཀའ་འགྱུར་ཁྲོད་དུ་བཞུགས་པ་དེའི་ནང་། འདུ་ཤེས་བཅུ་མངོན་དུ་བྱའོ། །བཅུ་གང་ཞེ་ན། ཞེས་པའི་འོག་ཏུ། འདུ་ཤེས་བཅུ་པོ་རེ་རེ་ནས་གྲངས་འདྲེན་པའི་སྐབས་བཅུའི་གྲངས་ཀྱི་རིམ་པ་ལས་བརྒལ་བས་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་དང་ཁྱད་མེད་པ་ལྟ་བུ་ཞིག་བྱུང་མོད། ཏུན་ཧོང་གི་འདུ་ཤེས་བཅུ་བསྟན་པའི་མདོ་སྡེའི་དཔེ་གཅིག་ལས། འདུ་ཤེས་བཅུའི་གྲངས་འདྲེན་སྐབས། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླངས་པའི་འདུ་ཤེས་དང་། ཉེས་པ་བྱས་པ་ཆེན་པོ་དག་ལ་ཡང་བའི་འདུ་ཤེས་དང་། ཞེས་པ་གཉིས་རྣམ་གྲངས་གཅིག་ཏུ་ཟླ་སྒྲིལ་བྱས་ཏེ། ཚུལ་ཁྲིམས་ཀྱི་ཉེས་པ་ཆེན་པོ་དག་ལ་ཆུང་བའྀ་འདུ་ཤེས་དང་། ཞེས་མདོ་སྡེ་རང་གི་མཚན་གྱི་དོན་མཐུན་པར་འདུ་ཤེས་ཀྱི་རིམ་པ་རྣམ་གྲངས་བཅུ་ཐམ་པ་ཁོ་ནར་ངེས་གཏན་གནང་འདུག་པ་དང་། དེ་བཞིན་དུ་ཚིགས་སུ་བཅད་པ་གཉིས་པ་ཞེས་པ་རང་གི་འགྲེལ་པ་དང་བཅས་པ་ཏུན་ཧོང་གི་དཔེའི་ཁྲོད་ན་བཞུགས་ཤིང་། དེའི་མཚན་ལ་ཚིགས་སུ་བཅད་པ་གཉིས་པ་ཕན་ཡོན་དང་བཅས་པ་ཞེས་འབྱུང་ལ། མདོ་སྡེ་དེ་ཉིད་ལས་བྱུང་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་ཆེན་པོའི་ལྡེམ་དགོངས་རྣམ་པ་བཞི་བསྟན་ཅིང་། དེའི་འོག་གི་ཚིགས་བཅད་རྣམས་ཀྱིས་ཕན་ཡོན་བསྟན་པར་མཛད་འདུག་ལ། རྩ་འགྲེལ་གཉིས་ཆར་དུ་གཟུངས་ཤིག་ཡིན་པའི་བཟོ་ལྟ་ལར་ནས་མི་འདུག་མོད། རང་རེའི་བཀའ་འགྱུར་གྱི་དཔེ་དག་ལས་འདིའི་མཚན་ལ་ཚིགས་སུ་བཅད་པ་གཉིས་པའི་གཟུངས་ཞེས་བཏགས་ཤིང་། ཏདྱ་ཐཱ། ཨོཾ་བཛྲ་པྲ་ཀཱ་ར། ཞེས་སོགས་ཀྱིས་དབུ་དྲངས་པའི་སྔགས་ཤིག་ཀྱང་བསྣན་འདུག་པར་མ་ཟད། ཚིགས་སུ་བཅད་པ་གཉིས་པ་བཟུང་བ་ལ། །ཞེས་པ་དེའང་། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལ་ནི། །ཞེས་པར་བཅོས་འདུག་པ་སོགས་ཀྱང་ཏུན་ཧོང་གི་འགྱུར་རྙིང་ལ་བརྟེན་ནས་དག་བཅོས་བྱེད་ཐུབ་པ་དང་། སློབ་དཔོན་འཕགས་པ་ལྷས་མཛད་པའི་རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་འགྲེལ་པའི་མཚན་ལ། བསྟན་འགྱུར་ཁྲོད་དུ་བཞུགས་པའི་དཔེ་ཉིད་ལས་ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་པ་ཞེས་བྱུང་ཞིང་། དེའི་འགྱུར་བྱང་དུ། རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀ་ར་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར། ཅེས་བཀོད་འདུག་ཀྱང་། དོན་དུ་བསྟན་པ་སྔ་དར་གྱི་སྐབས་སུ་གཞུང་འདི་འགྱུར་ཟིན་ཡོད་པ་ཤིན་ཏུ་གསལ་ཞིང་། དེར་མ་ཟད་གཞུང་འདི་ཉིད་ཀྱི་མཇུག་རྫོགས་པའི་མཚམས་ཏེ་མཛད་བྱང་གི་གོང་རོལ་དེར་བསྟན་འགྱུར་ཁྲོད་ཀྱི་དཔེ་དེ་ལས། ཇི་སྐད་བཤད་པའི་རིགས་པས། དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡོངས་སུ་རྟོགས་པའི་རྣལ་འབྱོར་པ་འདོད་པའི་ཡོན་ཏན་རྣམས་ལ་མངོན་དུ་སྤྱོད་པའི་རྡོ་རྗེ་འཛིན་གྱི་བརྟུལ་ཞུགས་ཀྱི་ཟུང་དུ་འཇུག་པའི་སྐུ་འགྲུབ་པ་ཡིན་ནོ། །ཞེས་སོགས་ཚིགས་བཅད་གཅིག་བཅས་བཀོད་འདུག་ཀྱང་། དེ་ནི་འགྲེལ་པ་རང་གི་ཚིག་མིན་པར་ཕྱིས་སུ་གཞན་གྱིས་གསར་དུ་བཅུག་པ་ཞིག་ཡིན་པ་ཏུན་ཧོང་གི་དཔེ་ལ་བརྟེན་ནས་ཤེས་ཐུབ་ལ། ལར་ཡང་། རྡོ་རྗེ་འཛིན་གྱི་བརྟུལ་ཞུགས་ཀྱི་ཟུང་དུ་འཇུག་པའི་སྐུ། ཞེས་པ་ལ་སོགས་པ་ནི་སྔགས་ཀྱི་ཆོས་སྐད་ཁོ་ན་ཡིན་གྱི། མདོའི་ཆོས་སྐད་ལ་ནི་དེ་རིགས་འབྱུང་མི་སྲིད་མོད། ཞུ་ཆེན་པ་རྣམས་ཀྱིས་ཀྱང་དེ་ལ་དོགས་སློང་གནང་བ་སོགས་བཀའ་བསྟན་གྱི་དཀར་ཆག་ཁག་ལས་མཐོང་རྒྱུ་མ་བྱུང་ངོ་། །
དེ་མཚུངས་ཏུན་ཧོང་གི་ཡིག་ཚང་ཁྲོད་ན་བཞུགས་པའི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལུང་བསྟན་པའི་མདོ། ཞེས་པ་འདི་རང་རེའི་བཀའ་འགྱུར་གྱི་དཔེ་སྣ་ཁག་ཏུ་ཚུད་མེད་པ་འདྲ་ཞིང་། མདོ་སྡེ་དེ་ཉིད་ཀྱི་སྤྱི་ཁོག་ནི་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་དང་འདྲ་སེ་བ་ཞིག་མཆིས་མོད། ཞིབ་ཏུ་བཀླགས་ན་མི་འདྲ་སའི་ཆའང་མང་ཙམ་བདོག་པས། འདི་གཉིས་མདོ་ཐ་དད་པ་རང་རྐྱ་ཐུབ་པ་གཉིས་ཡིན་ནམ། ཡང་ན་འགྱུར་གྱི་ཁྱད་པར་གྱིས་མི་འདྲ་བར་གྱུར་པ་ལས་དོན་ལ་མདོ་ངོ་བོ་གཅིག་པ་ཡིན་སྐོར་སོགས་ལ་དཔྱད་དགོས་པ་དང་། འོད་མདོ་ལའང་གནའ་སྔ་མོ་འགྱུར་རིགས་མི་འདྲ་བ་མང་ཙམ་ཡོད་ཚོད་འདུག་སྟེ། རང་རེའི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་མདོ་སྡེ་དེའི་མཚན་ལ། འཕགས་པ་འོད་དཔག་མེད་ཀྱི་བཀོད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ཞེས་འབྱུང་ཞིང་། དེ་ལ་ཏུན་ཧོང་གི་དཔེ་ལས། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་བཀོད་པ་བསྟན་པའི་མདོ་ཞེས་བྱུང་བ་དང་། དེ་གཉིས་ཀའི་དཀྱུས་ཀྱི་ཚིག་ལའང་མཐུན་མི་མཐུན་པའི་ཆ་ཅི་རིགས་ཤིག་སྣང་། འོད་མདོ་ཆུང་བར་གྲགས་པ་འཕགས་པ་བདེ་བ་ཅན་བཀོད་པ་ཐེག་པ་ཆེན་པོའི་མདོ་ཞེས་བྱ་བ་རང་རེའི་བཀའ་འགྱུར་ཁྲོད་དུ་བཞུགས་པ་དེ་དང་འདྲ་བ་ཞིག་ཏུན་ཧོང་གི་ཡིག་ཚང་ཁྲོད་ནས་བྱུང་ཞིང་། མདོ་སྡེ་དེ་ཉིད་ཀྱི་མཚན་ལ་སྣང་བ་མཐའ་ཡས་ཀྱི་མདོ་ཞེས་བྱ་ཞིང་། འགྱུར་ཤིན་ཏུ་མི་འདྲ་བ་ཞིག་སྣང་། དེ་བཞིན་དུ་ཏུན་ཧོང་ཡིག་ཚང་ལས་འབྱུང་བའི། སློབ་དཔོན་བློ་གྲོས་མི་ཟད་པས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལེའུ་དགུ་པའི་བདག་ཉིད་ཅན། རྒྱ་གར་གྱི་མཁན་པོ་ས་ར་བད་ཉ་དེ་བ་(སརྦ་ཛྙཱ་དེ་བ)དང་། ཞུ་ཆེན་གྱྀ་ལོ་ཙ་པ་བན་འདེ་དཔལ་བརྩེགས་ཀྱྀས་བསྒྱུར་པ་ཞེས་བྱ་བ་ཞིག་བྱུང་བ་སྤྱི་ཁོག་ནས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་དང་གཅིག་པ་ལ། དམིགས་བསལ་དཔེར་ན་བསྔོ་ལེའུའི་ནང་གི མཁས་པ་དག་ནི་བཀུར་བ་དང་། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག །ཅེས་སོགས་ཀྱི་ཚབ་ཏུ། ལུས་ཅན་དག་ནི་ཐམས་ཅད་ཀྱང་། །ཕྱག་ན་རིན་ཅེན་ལྟ་བུར་ནི། །འཁོར་བ་སྲིད་དུ་ཡོ་བྱད་ཀུན། །མཐའ་ཡས་རྒྱུན་མྱི་འཆད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་དག །འཇིགས་པས་ཡིད་བྱུང་ཇི་སྙེད་པའ། །དེ་ཀུན་བདག་མྱིང་ཐོས་པས་ཀྱང་། །གཏན་དུ་འཇིགས་པ་མྱེད་པར་ཤོག །སེམས་ཅན་ལ་བདག་སྲོག་བཞིན་སྡུག །བདག་ལའང་དེ་དག་ཆེས་སྡུག་ཤོག །དེའི་སྡུག་བདག་ལ་སྨྱིན་གྱུར་ལ། །བདག་དགེ་མ་ལུས་དེ་ལ་སྨྱིན། །ཞེས་སོགས་ཡོངས་གྲགས་ཀྱི་སྤྱོད་འཇུག་བསྔོ་ལེའུའི་ནང་མེད་པའི་ཚིག་དོན་གྱི་རྣམ་གྲངས་འགའ་ཡང་འབྱུང་བར་འདུག་པས་མཚོན་མི་འདྲ་སའི་ཆའང་མང་ཙམ་བདོག་ལ། འདི་རིགས་གཞུང་ཕྱི་མོའི་རྒྱ་དཔེ་ལ་ཁྱད་པར་བྱུང་བའི་དབང་གིས་སམ། འགྱུར་མི་འདྲ་བའི་ཁྱད་པར་ལས་བྱུང་བ་གང་ཡིན་སོགས་དཔྱད་དགོས། དཔལ་ཡེ་ཤེས་རྡོ་རྗེས་མཛད་པའི་དེ་ཉིད་མཐོང་བའི་ལམ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་དེ་ཉིད་སྣང་བ་དང་ལོ་ཙཱ་བ་རྔོག་བུདྡྷ་པཱ་ལས་བསྒྱུར་བ་དེང་སང་བསྟན་འགྱུར་ཁྲོད་དུ་བཞུགས་པ་ལས། སློབ་དཔོན་བློ་གྲོས་མི་ཟད་པའི་ཞལ་སྔ་ནས། དོན་དམ་བློ་སྒྲའི་སྤྱོད་ཡུལ་མིན། །བློ་དང་སྒྲ་ནི་ཀུན་རྫོབ་ཡིན། །ཞེས་སོགས་དང་། ཤེས་རབ་ལེའུ་སོགས་ཀྱི་ཚིག་རིས་ཀྱང་བྱུང་བས་ཊཱི་ཀ་འདིར་དྲངས་པའི་ལུང་དེ་དག་ནི་བློ་གྲོས་མི་ཟད་པས་མཛད་པའི་སྤྱོད་འཇུག་གི་གཞུང་ཚིག་ཡིན་པ་སོགས་ཀྱང་ཞར་ལ་ཤེས་པར་བྱ་ཞིང་། སློབ་དཔོན་བློ་གྲོས་མི་ཟད་པ་ཞེས་པ་ཞི་བ་ལྷའི་མཚན་གྱི་རྣམ་གྲངས་ཤིག་ཡིན་པར་སེམས་མོད། འདི་རིགས་ལ་ད་དུང་ཞིབ་མོར་བརྟག་ཞིབ་བྱེད་དགོས་པ་ཡོད་དོ། །
ཡང་ཏུན་ཧོང་གི་བཀའ་བསྟན་ལས་འབྱུང་བའི་བཤད་པ་འགའ་ཞིག་ལ་དེང་སང་བོད་དུ་དར་བའི་ཡོངས་གྲགས་ཀྱི་གསུང་སྟངས་དང་མི་མཐུན་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་མངའ་བའི་ཚུལ། དཔེར་ན། ངན་སོང་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་དཀྱིལ་ཆོག་གི་བཤད་པ་ཞིག་ལས། བཀྲ་ཤིས་རྟགས་བརྒྱད་ཀྱི་བྱུང་བ་འཆད་སྐབས། གཙུག་ཏོར་ཆེན་པོ་བརྒྱད་ཀྱི་ཐུགས་རྗེས་ནང་རྟགས་ཕྱིར་ཕྱུང་སྟེ། ཤར་དང་པོར་དཔལ་བེ་འུ་གཅིག་བྱུང་བ་འདི་ནི། དཔེར་ན་དཔལ་གི་བའི་ཕྱི་བཞིན་དུ། དེ་འི་བེ་འུ་འབྲང་ན། འོ་མས་ངོམས་ཤིང་ཚིམ་བ་བཞིན་དུ། ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱང་། གཙུག་ཏོར་ཆེན་པོ་ཕྱག་ན་རྡོ་རྗེའི་ཐུགས་རྗེ་དང། བྱིན་རླབས་ཀྱིས། ཆོས་བདུད་རྩི་འི་རོས་ཚིམ་བར་དབང་བསྐུར་བའི་ཕྱིར། གཙུག་ཏོར་ཆེན་པོ་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་རྟགས་ཀྱིས་བཀྲ་ཤིས་པ་ལགས། ཞེས་དཔལ་གྱི་བེའུ་ཞེས་པའི་བེའུ་དེ་སྒོ་ཕྱུགས་བའི་བེའུའི་མིང་དང་འབྲེལ་བ་ཡོད་པ་ལྟ་བུ་ཞིག་གསུངས་པ་ནི། ཐད་ཀར་བལྟས་ན་བོད་ཚིག་གི་སྟེང་ནས་གོ་བ་ལེན་ཉེས་བྱས་པ་སྟེ། ཕྱག་རྒྱ་ཆེན་པོ་ཞེས་པ་ལག་པའི་རྒྱ་ཆེན་པོ་ལ་སྒྲ་བཤད་བྱས་པ་དང་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་པ་དམག་དཔུང་གི་དཔུང་ལ་བཀྲལ་བ་སོགས་དང་མཚུངས་པ་ལྟ་བུའི་སྣང་བ་སྟེར་མོད། ལེགས་སྦྱར་སྐད་ཀྱི་དཔལ་གྱི་བེའུའི་སྐད་དོད་ལ་ཤྲཱི་བཏྶའམ་ཤྲཱིཏྭ་དང་། བའི་ཕྲུག་གུ་བེའུའི་སྐད་དོད་ལ་བསྟ་ཞེས་སམ་བསྟ་ཀ་ཞེས་བྱུང་བར་གཞིགས་ན་འགྲེལ་ཚུལ་འདི་བོད་ཚིག་གི་སྟེང་ནས་གོ་བ་ལེན་ཉེས་པ་ཞིག་མིན་པར་ལེགས་སྦྱར་གྱི་ཡི་གེའི་སྟེང་ན་གཅིག་པའི་ཆ་ཡོད་འདུག་པས་རྒྱུ་མཚན་དང་ལྡན་པ་ཞིག་མིན་པའི་ངེས་པ་མི་འདུག་སྙམ་པ་ལྟ་བུ་དང་། འགའ་ལའི་(ཡའི་)རྩེ་མོ་ཐེག་པ་ཆེན་པོའི་མདོ་བཤད་པ་ཞེས་པ་ལས། བཅོམ་ལྡན་འདས་ཀྱི་ངེས་ཚིག་བཤད་སྐབས། བདུད་རྣམ་པ་བཞི་བཅོམ་ཞིང་། ཡོན་ཏན་དྲུག་དང་ལྡན་པས་བཅོམ་ལྡན་འདའས་ཤེས་བྱ་སྟེ། བདག་ཕོའི་དོནད་ཏོ། །ཡོན་ཏན་དྲུག་ནི། རང་དབང་དང་ལྡན་པ་དང་། མཐུ་དང་ལྡན་པ་དང་། མཛེས་པའི་རྒྱན་དང་ལྡན་པ་དང་། གྲགས་པ་དང་ལྡན་པ་དང་། ལྟས་བཟང་ཕོ་དང་ལྡན་པ་དང་། བཙུན་ཞིང་འཕགས་པ་དང་ལྡན་པ་དང་དྲུག་གོ །ཞེས། ཡོངས་གྲགས་ཀྱི་ལེགས་པའམ་སྐལ་བ་དྲུག་དང་མི་མཐུན་པ་ཞིག་གསུངས་པ་ལྟ་བུ་དང་། སངས་རྒྱས་པའི་ཐེག་པ་གསུམ་དང་། མུ་སྟེགས་ལ་སོགས་པའི་ལྟ་བ་མདོར་བསྡུས་ཏེ་ཁྱད་པར་ཕྱེ་བ་ཞེས་པ་དེའི་ནང་དུ། ཀུན་རྫོབ་ཀྱི་བདེན་པ་རྣམ་པ་བཞི་སྟེ། ལོག་པའི་ཀུན་རྫོབ་དང་། མ་བརྟགས་ན་གཅིག་ཏུ་དགའ་བའི་ཀུན་རྫོབ་དང་། དོན་དམ་པ་དང་ཉེ་བའི་ཀུན་རྫོབ་དང་། ཡང་དག་པའི་ཀུན་རྫོབ་སོགས་ཀྱི་དབྱེ་བ་མཛད་པ་དབུ་མའི་གཞུང་ཕལ་ལ་མ་གྲགས་པ་དང་། སེམས་ཙམ་པའི་གྲུབ་མཐའ་འཛིན་པའི་སློབ་དཔོན་གྱི་མཚན་གཞིར། སློབ་དཔོན་སའི་རྩ་ལག་དང་། ཆགས་མེད་གཉིས་བཞག་པ་ལྟ་བུ་ཕྱིས་ཀྱི་ཡིག་ཆ་གཞན་ལས་མཐོང་རྒྱུ་དཀོན་པ་ལྟ་བུ་དང་། དེ་བཞིན་དུ་སྔགས་ཕྱོགས་སུའང་མ་ཧཱ་ཡོ་གའི་ལུགས་ཀྱི་ཏིང་འཛིན་རྣམ་གསུམ་འཆད་སྐབས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཞེས་པ་ནི་དེང་སང་ཡོངས་གྲགས་ལྟར་ན་གནས་ལུགས་དེ་བཞིན་ཉིད་ཀྱི་དོན་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་སྒྱུ་མའི་ཏིང་འཛིན་མཁའ་ཁྱབ་ཏུ་བསྒོམ་པ་ལ་བཞེད་མོད། ཏུན་ཧོང་ཡིག་ཚང་ལས་འབྱུང་བའི་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྒོམ་ཐབས་ཕལ་མོ་ཆེ་ལས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནི། ཕུང་པོ་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པར་ཕྱང་བཅད་དེ་སྟོང་གསལ་ནམ་མཁའ་ལྟ་བུར་བསྒོམ་པའམ། རང་གི་སེམས་ནམ་ལངས་པའི་མཁའ་ལྟར་དཀར་ཡལ་ལེར་གསལ་བར་བསྒོམ་པ་ལ་བཤད་པས་ཅུང་མི་འདྲ་བའི་ཁྱད་ཆོས་དང་ལྡན་པ་དང་། དེ་བཞིན་དུ་བརྡ་དང་ཐ་སྙད་ཀྱི་སྦྱོར་ཚུལ་དག་ལའང་སྐད་གསར་བཅད་རིམ་པ་དག་མ་བྱས་པའི་སྔ་རོལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པའི་ཚུལ། དཔེར་ན། གྲུབ་མཐའ་སྨྲ་བཞིའི་ཡ་གྱལ་བྱེ་བྲག་སྨྲ་བ་ཞེས་པ་ལ་རྣམ་པར་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་པ་ལ་བྱང་ཆུབ་སེམས་པ་དང་། བསམ་གཏན་ཞེས་པ་ལ་བསམ་བརྟན་དང་། རྣལ་འབྱོར་ཞེས་པ་ལ་ཞུགས་སྤྱོད་དང་། སྙིགས་མ་ལྔ་ཞེས་པ་ལ་རྙོག་པ་ལྔ་དང་། སྡུག་བསྔལ་ཞེས་པ་ལ་ཉོན་མོངས་པ་དང་། ཀུན་འབྱུང་ཞེས་པ་ལ་འདུས་པ་དང་། ཚུལ་མིན་ཡིད་བྱེད་ཅེས་པ་ལ་རག་ལ་མི་རྟེན་པ་དང་། སྐྱེ་མཆེད་བཅུ་གཉིས་ཞེས་པ་ལ་འདུ་མཆེད་བཅུ་གཉིས་དང་། རྒྱུ་དང་ཀུན་འབྱུང་རབ་སྐྱེ་ཞེས་པའི་ནང་ཚན་རབ་སྐྱེ་ཞེས་པ་ལ་བྱུང་བ་དང་། འགོག་ཞི་གྱ་ནོམ་ངེས་འབྱུང་ཞེས་པའི་གྱ་ནོམ་ལ་སིམ་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་ལ་རྐྱེན་དང་འདུ་བ་ཚོགས་ཏེ་འབྱུང་བ་དང་། ས་ལྔ་པ་སྦྱང་དཀའ་བ་ཞེས་པ་ལ་ཤིན་ཏུ་དཀའ་རྒྱལ་དང་། དྲུག་པ་མངོན་དུ་གྱུར་པ་ཞེས་པ་ལ་མངོན་དུ་པ་དང་། སྐུ་གསུམ་གྱི་ཡ་གྱལ་ལོངས་སྤྱོད་རྫོགས་པ་ཞེས་པ་ལ་རྫོགས་ལོངས་སྤྱོད་པ་དང་། རྒྱལ་བ་རིགས་ལྔའི་ནང་ཚན་རིན་ཆེན་འབྱུང་ལྡན་ཞེས་པ་ལ་རིན་ཆེན་དཔལ་དང་། དོན་ཡོད་གྲུབ་པ་ཞེས་པ་ལ་གདོད་མི་ཟ་བ་དང་། ཡུམ་ལྔའི་ཡ་གྱལ་སངས་རྒྱས་སྤྱན་མ་ཞེས་པ་ལ་ཡངས་པའི་སྤྱན་དང་། ཡེ་ཤེས་ལྔའི་ཡ་གྱལ་བྱ་བ་གྲུབ་པའི་ཡེ་ཤེས་ལ་བྱ་བ་སྒྲུབ་པའི་ཡེ་ཤེས་ཞེས་སོགས་འབྱུང་བ་ལྟ་བུས་མཚོན་ཏེ་ཤེས་ལ། དེ་རིགས་ནི་སྐད་གསར་བཅད་ཕྱི་མ་དག་གི་སྦྱོར་སྲོལ་དང་མི་མཐུན་མོད། འགྲེལ་བ་རྣམས་དང་བསྡུར་ཚེ་དེའི་ནང་ནས་འགའ་རེ་ལ་ནི་འཐད་པ་དང་རྒྱུ་མཚན་ཡང་དག་འདུག་སྙམ་པའང་བྱུང་བ་སོགས་ཏེ། འདི་རིགས་མང་ངོ་། །གོང་དུ་ཇི་སྐད་སྨོས་པ་དེ་དག་ནི་རང་གི་རྨོངས་བློའི་འཆར་སྒོ་དང་མཐུན་པར་དཔྱད་གཞིའི་ས་བོན་ཙམ་དུ་མཚོན་ཙམ་བྲིས་པ་སྟེ། གླེང་བརྗོད་སོགས་ཀྱི་རིགས་རྣམས་ཞིབ་པར་གཞན་དུ་འབེལ་བར་འདོད་པས་འདིར་རྒྱས་པར་མ་སྤྲོས་ལ། མ་གཞི་ཏུན་ཧོང་གི་ཡི་གེ་དེ་དེང་སང་སྐད་གྲགས་ཆེའང་། ད་ཕན་ལོ་རྒྱུས་སྐོར་གྱི་ཡིག་ཆ་ཁག་དང་། སྨན་དཔྱད་ཀྱི་སྐོར་དང་བརྡའི་སྦྱོར་ཚུལ་སོགས་ལ་ཐུགས་སྣང་གནང་མཁན་དང་ཞིབ་འཇུག་བྱེད་མཁན་སོགས་ཅི་རིགས་བྱུང་འདུག་པ་ལས། མདོ་རྒྱུད་བསྟན་བཅོས་སོགས་རྩ་ཆེའི་ཆོས་གཞུང་གི་རིགས་ལ་དོ་གལ་བྱེད་མཁན་དང་དེ་ལ་ཆེད་དུ་དཔྱོད་ཞིབ་གནང་མཁན་ནི་ཉིན་དུས་ཀྱི་སྐར་མའི་དཔེ་ཟླར་སྙེགས་པས། མ་འོངས་པར་གནས་སྟངས་དེ་ལ་འགྱུར་བ་བཏང་སྟེ། གནའ་དེང་གི་ཤེས་རིག་ལ་མཁྱེན་རྒྱ་ཡངས་པའི་གཟུར་གནས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་མི་ལོ་སྟོང་ཕྲག་ཡར་ལྷག་གི་ལོ་རྒྱུས་དང་ལྡན་ཞིང་བཅོས་སྒྱུར་མཁན་གྱི་སྨྱུ་གུའི་རྩེ་མོས་མ་རེག་པའི་གནའ་བོའི་ཆོས་གཞུང་རིན་ཐང་ཅན་འདི་རྣམས་ལ་ལུང་དང་རིགས་པའི་ལམ་ནས་རྒྱ་ཆེ་ས་དང་གཏིང་ཟབ་ས་ནས་དཔྱད་ཞིབ་མཐིལ་ཕྱིན་པ་རེ་གནང་བའི་རེ་སྐུལ་ཞུ་བ་དང་ཆབས་ཅིག་ཏུ། དེའི་ཉེར་མཁོའི་ཆ་རྐྱེན་དུ་དམིགས་ནས་ད་ལན་ཏུན་ཧོང་གནའ་ཡིག་ལས་བྱུང་བའི་རྩ་ཆེའི་ཆོས་གཞུང་གཅེས་བཏུས་ཞེས་པ་འདི་དཔར་སྐྲུན་བྱས་པ་ལགས།
འདིའི་རྩོམ་སྒྲིག་བྱེད་སྟངས་ཐད་ལ། སྤྱིའི་ཆ་ནས་མདོ་དང་སྔགས་ཀྱི་སྡེ་ཚན་གཉིས་སུ་ཕྱེ་ཞིང་། བྱེ་བྲག་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལྟ་བ་དང་གྲུབ་མཐའི་རབ་དབྱེ་སྟོན་པའི་གཞུང་རྣམས་དང་། ཞི་ལྷག་གི་རྣལ་འབྱོར་རམ་བསྒོམ་པའི་རིམ་པ་དང་འབྲེལ་བའི་གཞུང་རྣམས་དང་། སྡོམ་པ་འབོགས་ཆོག་སོགས་རིགས་མཐུན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་། དེ་བཞིན་དུ་གསང་སྔགས་རྡོ་རྗེའི་ཐེག་པའི་རྒྱུད་སྡེ་འོག་མ་དང་། བླ་མེད་ལུགས་ཀྱི་རྒྱུད་དང་རྒྱུད་འགྲེལ་རིགས་དང་། མན་ངག་ཟིན་བྲིས་སོགས་དང་། ཐོར་བུའི་སྐོར་རྣམས་ཕྱོགས་གཅིག་ལ་ལྷན་དུ་བསྡེབས་ཏེ་བསྒྲིགས་པའི་ཁུལ་ལགས།
འདི་དག་གི་ནང་ནས་ལ་ལ་ཞིག་དབུ་ནས་ཞབས་ཀྱི་བར་གཞུང་ཡོངས་སུ་རྫོགས་པ་ཆ་ཚང་བ་མ་ཡིན་ཡང་། ཤིན་ཏུ་འགངས་ཆེ་བས་དུམ་བུ་རེ་ཙམ་ལའང་རིན་ཐང་མི་དམན་པ་ལྡན་པར་བསམས་ནས་བཀོད་ཡོད། སློབ་དཔོན་ཆེན་པོ་པདྨས་མཛད་པའི་སྒྱུ་འཕྲུལ་ཐབས་ཞགས་ཀྱི་འགྲེལ་པ་དང་། མཁན་པོ་ཡེ་ཤེས་སྡེས་མཛད་པའི་ལྟ་བའི་ཁྱད་པར་གྱི་བརྗེད་བྱང་གཉིས་ཙམ་མ་གཏོགས་རང་རེའི་བཀའ་བསྟན་ཁྲོད་དུ་བཞུགས་པ་རྣམས་འདིར་བཀོད་མེད་ལ། དེ་གཉིས་འདིར་འགོད་དགོས་པའི་རྒྱུ་མཚན་ནི། གཉིས་ཀ་གཞུང་ཤིན་ཏུ་རྩ་ཆེན་རེ་ཡིན་པར་མ་ཟད། བསྟན་འགྱུར་ཁྲོད་ན་བཞུགས་པའི་ཐབས་ཞགས་ཀྱི་འགྲེལ་པའི་ནང་དུ་ལེའུ་མང་པོ་ཞིག་སྐོར་ཆད་ལ་སོང་འདུག་པ་དང་། བསྟན་འགྱུར་ཁྲོད་ཀྱི་ལྟ་བའི་ཁྱད་པར་གྱི་བརྗེད་བྱང་ནང་ཚིག་དོན་གོང་འོག་གི་གོ་རིམ་ཚབས་ཆེར་འཁྲུགས་འདུག་པས། མ་ཚང་བ་ཁ་སྐོང་བ་དང་འཁྲུགས་པ་གོ་རིམ་དུ་བསྡེབས་པའི་དགོས་པར་དམིགས་པ་ཡིན། མཁས་པ་རྣམས་ལ་མི་མཁོའང་། བློ་དམན་འགའ་རེ་ལ་ཅུང་ཟད་ཕན་དུ་རེ་ནས་རང་གི་འདོད་བློ་དང་མཐུན་པར་ཟུར་མཆན་རེའང་བཏབ་ཡོད། གཞུང་སོ་སོའི་དབུ་ན་མཚན་ཡོད་པ་རྣམས་རང་འཇགས་དང་། དབུ་མཇུག་ཆ་མི་ཚང་བའི་གཞུང་རྣམས་ལ་ཀླད་ཀྱི་མཚན་མི་གསལ་བས་ཇི་ལྟ་བ་བཞིན་ཚོད་ཐིག་དཀའ་ནའང་། རེ་ཞིག་བླ་ཐབས་སུ་སྨན་ལ་ཁ་བྱང་བཏགས་པ་བཞིན་བརྗོད་དོན་ཕྱོགས་ཙམ་ཁོང་དུ་ཆུད་པ་དང་ཡི་གེ་བཙལ་སླ་བའི་དགོས་པར་དམིགས་ནས་སྤྱི་བརྟོལ་བསྐྱེད་དེ་མཚན་རེ་གསར་དུ་བཏགས་ཡོད་ཅིང་། གཞུང་རང་ལ་ཡོད་པ་མ་ཡིན་པར་བླ་ཐབས་སུ་བཏགས་པའི་རྟགས་ལ་མཚན་གང་ཡིན་པ་དེ་གུག་རྟགས་ནང་དུ་བཞག་ཡོད།
ཏུན་ཧོང་གི་ཕྱི་མོའི་ཡི་གེ་འདི་དག་མི་ལོ་སྟོང་ཕྲག་ལྷག་གི་གོང་རོལ་གྱི་དཔེ་རྙིང་ཡིན་པར་སོང་གཤིས། བརྡ་རྙིང་ཧ་ཅང་མང་ལ། སྐད་གསར་བཅད་རིམ་པ་དག་མ་བྱས་པའི་སྔ་རོལ་དུ་མིང་གི་བརྡ་དག་དང་ཕྲད་རྣམ་དབྱེ་སོགས་ཀྱི་སྦྱོར་ཚུལ་རྣམས་ཁ་སྐད་དུ་ངག་ནས་ཇི་ལྟར་འབྱུང་བ་བཞིན་ཅི་བདེར་བྲིས་པ་མང་སྟེ། དཔེར་ན། བཙན་ཞེས་པ་ལ་བརྩན། མེ་ཏོག་ཅེས་པ་ལ་མེན་ཏོག གསང་སྔགས་ཞེས་པ་ལ་གསང་སྒགས། ཚིགས་བཅད་ཅེས་པ་ལ་འཚིག་བཤད། ཐམས་ཅད་ཅེས་པ་ལ་ཐམས་ཤད། གདམས་ངག་ཅེས་པ་ལ་བསྟན་ངག བཀའ་ཁྲིམས་ཞེས་པ་ལ་བཀའ་གྲིམས། དཀོན་པ་ཞེས་པ་ལ་དཀོན་འབ། ཡིན་པས་ཞེས་པ་ལ་ཡིན་འབས། ཀུན་ཏུ་ཞེས་པ་ལ་ཀུན་འདུ་སོགས་སུ་བྲིས་ཡོད་པ་ལྟ་བུ་སྟེ་ད་ལྟའི་འབྲི་ཚུལ་དང་ཁྱད་པར་ཆེ་ཙམ་ཡོད་པའི་རིགས་རྣམས་དང་། པའི་ཞེས་པའི་འབྲེལ་སྒྲ་འིའི་ཚབ་ཏུ་པཱི་དང་པཻ་ཅི་རིགས་བྲིས་པ་དང་། གོམས་སྲོལ་གྱི་དབང་གིས་གསལ་བྱེད་ཀྱི་ཐོག་མའི་སྡེ་པ་བཞིའི་དང་པོའི་ཚབ་ཏུ་གཉིས་པ་བྲིས་པ་དང་། སྡེ་པ་ལྔ་པའི་གཉིས་པའི་ཚབ་ཏུ་དང་པོ་བྲིས་པ་ཤུགས་ཆེར་བྱུང་བས་མཚོན་གསལ་བྱེད་གཅིག་གི་ཚབ་ཏུ་གཅིག་སྤྱོད་པའི་རིགས་ཀྱང་མང་རབ་ཅིག་བདོག་སྟེ། དཔེར་ན། ཀའི་ཚབ་ཏུ་ཁ་བྲིས་པ་ལྕགས་ཀྱུ་ཞེས་པ་ལ་ལྕགས་ཁྱུ་ལྟ་བུ་དང་། ཁའི་ཚབ་ཏུ་ཀ་བྲིས་པ་ནམ་མཁའ་ཞེས་པ་ལ་ནམ་ཀ་ལྟ་བུ་དང་། ཁའི་ཚབ་ཏུ་ག་བྲིས་ཡོད་པ་མདོ་ཁམས་ཞེས་པ་ལ་མདོ་གམས་ལྟ་བུ་དང་། ཅའི་ཚབ་ཏུ་ཆ་བྲིས་པ་གཅེན་པོ་ཞེས་པ་ལ་གཆེན་པོ་ལྟ་བུ་དང་། ཆའི་ཚབ་ཏུ་ཅ་བྲིས་པ་བྱང་ཆུབ་ཅེས་པ་ལ་བྱང་ཅུབ་ལྟ་བུ་དང་། ཅའི་ཚབ་ཏུ་ཇ་བྲིས་པ་ཅི་མཛད་དོ་ཅོག་ཅེས་པ་ལ་ཇི་མཛད་དོ་ཅོག་ལྟ་བུ་དང་། པའི་ཚབ་ཏུ་ཕ་བྲིས་པ་ཡོད་པ་ཞེས་པ་ལ་ཡོད་ཕ་ལྟ་བུ་དང་། ཏའི་ཚབ་ཏུ་ཐ་བྲིས་པ་གཏོགས་པ་ཞེས་པ་ལ་གཐོགས་པ་ལྟ་བུ་དང་། ཚའི་ཚབ་ཏུ་ཙ་བྲིས་པ་མཚན་དང་དཔེ་བྱད་ཅེས་པ་ལ་མཙན་དང་དཔེ་བྱད་ལྟ་བུ་དང་། ཟའི་ཚབ་ཏུ་ཛ་བྲིས་པ་བྲམ་ཟེ་ཞེས་པ་ལ་བྲམ་ཛེ་ལྟ་བུ་དང་། ཛའི་ཚབ་ཏུ་ཟ་བྲིས་པ་ཛོ་གི་ཞེས་པ་ལ་ཟོ་གི་ཞེས་བྲིས་ཡོད་པ་སོགས་ཀྱིས་མཚོན་ཏེ་ཤེས་པར་བྱ་ལ། དེ་དག་ཀྱང་མཐར་གཏུགས་ན་བརྡ་ཡང་དག་པར་སྦྱོར་བའི་ལུགས་ཀྱི་བཀས་བཅད་ཆ་ཚང་ཞིག་དེ་དུས་གཏན་ལ་ཕབ་མ་ཟིན་སྟབས་སྒྲ་གདངས་ཇི་ལྟར་ཐོན་པ་བཞིན་གང་བདེར་འབྲི་བ་ལས་གཅིག་གྱུར་གྱི་འབྲི་ཚུལ་ལ་དོ་གལ་བགྱིད་པའི་གོམས་སྲོལ་ད་དུང་ཆེར་མ་འཇགས་པའི་རྒྱུ་མཚན་ལ་སྙེགས་དགོས་པར་སྣང་ངོ་། །དེ་བཞིན་དུ་སྔགས་ཡིག་རྣམས་ཀྱང་ངག་ཏུ་སྒྲ་གདངས་ཇི་ལྟར་ཐོན་པ་བཞིན་ཡིག་ཐོག་ཏུ་ཅི་བདེར་འབྲི་བའི་སྲོལ་ཡོད་སྟབས། དཔེར་ན། བུདྡྷ་ཞེས་པ་ལ་འབུ་ཏ་དང་། བོ་དྷི་སཏྭ་ཞེས་པ་ལ་བོ་དེ་སྭ་ཏྭ་དང་། དྷརྨ་ཞེས་ལ་དར་མ་དང་། གུཔྟ་ཞེས་པ་ལ་གུག་ཏ་དང་། མུ་ཁ་ཞེས་པ་ལ་མུ་ཀ་དང་། བྷྲཱུཾ་ཞེས་པ་འབྲུྃ། ཕཊ་ཅེས་ལ་ཕད་ཅེས་བྲིས་ཡོད་པ་ལྟ་བུ་དཀྱུས་སུ་མང་དུ་འབྱུང་བ་ལྟར་ལགས། དེ་ལྟར་བསམས་ཚེ་སྒྲ་གདངས་ཙམ་དུ་མ་ཟད་ཡི་གེའི་སྦྱོར་ཚུལ་ཚུན་ཆད་བོད་ཡིག་སྟེང་ནས་ལེགས་སྦྱར་གྱི་ཡི་གེ་ཇི་མ་ཇི་བཞིན་དུ་འབྲི་བའི་སྲོལ་འདི་ནི་ཕྱིས་སུ་དར་བ་ཞིག་ཡིན་པ་དང་། དེ་ནི་སྔར་གྱི་རྨང་གཞིའི་སྟེང་ནས་ཡར་རྒྱས་གོང་འཕེལ་ལ་བཏང་བ་ཞིག་ཏུ་ངོས་འཛིན་དགོས་པར་སེམས་མོད། སྔོན་གྱི་འབྲི་སྟངས་དེ་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པས་གནའ་དུས་ཀྱི་སྔགས་ཡིག་ཀློག་ཐབས་སོགས་ལ་ཞིབ་འཇུག་བགྱིད་པར་གནད་ཀྱི་རིན་ཐང་ངེས་ཅན་ཞིག་ལྡན་པར་འཁུམས་ཏེ། གང་ལགས་ཤེ་ན། དེང་སང་གྲགས་ཆེ་བའི་ལེགས་སྦྱར་གྱི་ཀློག་སྟངས་དང་མཐུན་མིན་ལ་མ་ལྟོས་པར། དེ་དུས་ཀྱི་ལོ་པཎ་རྣམས་ཀྱི་གསུང་ངག་ལས་སྒྲ་གདངས་ཇི་ལྟར་ཐོན་པ་བཞིན་བོད་སྐད་ཀྱི་ལུགས་སུ་སྒྲ་སྒྱུར་བྱས་ཏེ་བྲིས་པ་ཡིན་སྟབས། ཐབས་འདི་ལ་བརྟེན་ནས་སྐབས་དེར་འཕགས་བོད་ཀྱི་མཁས་པ་དུ་མ་ཞིག་གིས་ལེགས་པར་སྦྱར་བའི་སྐད་ཀྱི་གཟུངས་སྔགས་སོགས་སྒྲ་གདངས་ཇི་ལྟ་བུས་ཀློག་འདོན་བྱེད་ཀྱི་ཡོད་པའི་ཚུལ་རྗེས་སུ་དཔོག་པའི་རིགས་པས་བདེ་བླག་ཏུ་རྟོགས་པར་ནུས་ཏེ། དཔེར་ན། ཨོམ་ཞེས་པ་ལ་ཨཱོམ་དང་། ཨཱཿཞེས་པ་ལ་ཨམ་དང་། ཧཱུཾ་ཞེས་པ་ལ་ཧཱུང་དང་ཧཱུམ་ཅི་རིགས་དང་། བྷྱོ་ཞེས་པ་ལ་འབྱོ་དང་། ཨརྷ་ཏེ་ཞེས་པ་ལ། ཨ་ར་ཧད་ཏེ་དང་། བཛྲ་སཏྭ་ཞེས་པ་ལ་བད་ཛྲ་སད་ཏྭ་དང་། སརྦ་ཀརྨ་ཞེས་པ་ལ་ས་རྦ་ཀར་མ་དང་། ཏིཥྛ་ཞེས་པ་ལ་ཏིས་ཤཱ་དང་། ཛཿཧཱུཾ་བཾ་ཧོ། ཞེས་པ་ལ་འཛཱ་ཧཱུང་བང་ཧོ་དང་། བཛྲ་ཨངྐུ་ཤ་ཛཿཞེས་པ་ལ་བད་ཛྲ་ཨ་འགུ་ཤ་འཛའ་དང་། བཛྲ་སྥོ་ཊ་བཾ་ཞེས་པ་ལ་པ་ཛ་ར་སྤོ་ཏ་བང་དང་། པཉྩ་ཨ་མྲྀ་ཏ་ཞེས་པ་ལ་པན་ཙ་ཨ་འབྲི་ཏ་དང་། ཛྙཱ་ན་ཙཀྲ་ཞེས་པ་ལ་གཉའ་ན་ཙག་ཀྲ་ཞེས་བྲིས་པ་སོགས་ཀྱིས་མཚོན་ནོ། །འདི་རིགས་གོ་བདེར་བཀྲལ་བའི་ནང་དེང་སང་གི་སྔགས་ཡིག་འབྲི་སྟངས་ཀྱི་འགྲོས་དང་མཐུན་པར་བཅོས་ཡོད་ཀྱང་། ཕྱི་མོའི་ཡི་གེ་ལ་བཅོས་བསྒྱུར་གང་ཡང་མ་བྱས་པར་རང་སོར་བཞག་ཡོད་པས་གཞུང་དཀྲུག་པའི་ནོངས་པ་དང་བཅས་པར་མི་འགྱུར་བར་སེམས་སོ། །
གཞན་གསལ་བཤད་ཞུ་རྒྱུ་ཞིག་ལ། གཞུང་ཕྱི་མོའི་ཡི་གེའི་ནང་དབུ་ཁྱུད་རྐྱང་པ་ཆིག་རིམ་ཅན་རྣམས་དེང་སང་གི་ཡིག་གཟུགས་ཁྲོད་ན་མེད་པས་དབུ་ཁྱུད་ཉིས་རིམ་ཅན་གྱིས་དེའི་ཚབ་མི་བྱེད་ཀ་མེད་བྱུང་སོང་བ་དང་། ཚེག་བརྩེགས་མ་བཞག་ཡོད་ས་མང་ཡང་། ཕལ་ཆེར་ལ་ཚེག་རེ་རེ་ལས་འབྲི་རྒྱུ་མ་བྱུང་བ་དང་། ཤད་འདི་འདྲ་ཞིག་གནའ་སྔ་མོར་འཇོག་སྲོལ་ཡོད་པ་སྐབས་འགར་དེང་སང་གི་སྦྲུལ་ཤད་དང་འཇུག་པ་གཅིག་མོད། འདི་རིགས་གཞུང་རྣམས་ཀྱི་མཇུག་གི །རྫོགས་སྷོ། །ཞེས་པ་ལྟ་བུའི་མཐར་སྦྱར་བའང་ཡོད་པས་སྒོ་ཀུན་ནས་འདྲ་བ་མ་ཡིན་པས་ལར་ཡིན་ན་མ་དཔེར་ཡོད་པ་བཞིན་འབྲི་དགོས་ཀྱང་། དེང་སང་གི་ཡིག་གཟུགས་ནང་དེ་འདྲའི་ཤད་མེད་པས་ཇི་ལྟ་བ་བཞིན་འབྲི་རྒྱུ་མ་བྱུང་བ་དང་། ཝ་ཡིག་གི་འབྲི་སྟངས་དེ་དེང་སང་གི་ཝ་ཡིག་དང་ཅུང་ཟད་མི་འདྲ་བར་འ་ཡིག་ཝ་བཏགས་ཅན་འཕྲུས་བརྒྱན་པ་ཞིག་དང་། ལན་འགར་འ་ཡིག་ཀྱང་འཕྲུ་རྟགས་ཅན་དུ་བྲིས་འདུག་པའང་སྐབས་འདིར་ཇི་བཞིན་འབྲི་ཐབས་མ་བྱུང་བ་སོགས་ཀྱང་འཕྲོས་གཏམ་བབ་ཞུས་དང་། དུས་ཚོད་བྲེལ་ཆ་ཆེ་བའི་དབང་གིས་དེབ་འདིའི་ཐོག་མཐའ་བར་གསུམ་ཀུན་ཏུ་ལྕགས་ནན་ཐར་གསུམ་ཚང་བའི་དཔྱད་བསྡུར་དང་ཞིབ་བལྟས་ཡིད་ཚིམས་པ་ཞིག་བྱེད་རྒྱུ་མ་བྱུང་ཡང་། ཞུས་དག་ཡམ་མེ་བ་ཞིག་ཧ་ལམ་གྲུབ་སོང་བས་དེ་ལུགས་དང་། དོན་གཉེར་ཅན་རྣམས་ཀྱིས་དོགས་གནས་ཡོད་རིགས་སླར་ཕྱི་མོའི་ཡི་གེ་དངོས་ལ་ཞིབ་བསྡུར་བྱས་ཏེ་ཡིད་ཆེས་ངེས་རྙེད་ཀྱི་ལུགས་སུ་ལེགས་པར་གཏན་ལ་འབེབས་པར་འཚལ་ཞེས་ཞུ་བ་ལགས་སོ། །རྨེ་བན་བསྟན་འཛིན་རྒྱ་མཚོས་ལྕགས་བྱི་ཟླ་༨ཚེས༡༦ལ་སྤེལ་བའོ།། །།
བསམ་ཚུལ་ཕྲིས།