༈ འབྲུག་ཡུལ་དུ་དབྱར་ཀ་ཚེས་པ།

རྩོམ་ཡིག་འདི་ཐེངས་ 3 བཀླགས་འདུག


༈ འབྲུག་ཡུལ་དུ་དབྱར་ཀ་ཚེས་པ།

ལྗང་གསར།

ད་ལོའི་ལོ་ཟླ་རྫོགས་ཚུལ་མཛེས་པ་སྟེ། །
སྟོན་ཀའི་ལྷགས་རླུང་ལྡང་བའི་དུས་སུ་ཡང་། །
ལྷོ་མོན་འབྲུག་གི་ཡུལ་དུ་དབྱར་ཁ་ཚེས། །
དོན་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་རྒྱུད་ཀྱི། །
ཆོས་ཀྱི་གདུལ་ཞིང་རིང་ནས་གྱུར་པའི་གནས། །
དཔལ་ལྡན་དབྱར་རྔའི་ཆོས་སྒྲ་ཆེ་སྒྲོག་ཅིང་། །
ཐེག་ཆེན་ཆོས་ཀྱི་རྒྱལ་ཁབ་ག་ལ་བའི། །
རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཉིན། །
མི་དབང་ཡབ་སྲས་དབུ་འཕང་དགུང་ལས་མཐོ། །
ངོ་མཚར་མཆོད་རྟེན་བརྒྱ་བརྒྱད་ཉིན་གཅིག་ཏུ། །
དགེ་ལེགས་དྲན་ཤེས་གྲོང་ཁྱེར་ཕུག་ཏུ་བཞེངས། །
ཆོས་རྗེ་ཁྲི་པའི་འགྲོ་དོན་མཁའ་ལྟར་ཁྱབ། །
ཚངས་སྤྱོད་ཚུལ་ཁྲིམས་ཕུང་པོའི་གཟི་དཔལ་ལྗིད། །
བོད་བརྒྱུད་ནང་པའི་གཙུག་རྒྱན་ཀརྨ་པ། །
བསོད་ནམས་བྱེ་བའི་མཐུ་ལས་གྲུབ་པའི་སྐུ། །
དབང་ཐང་གཟི་བརྗིད་བརྗོད་ལས་འདས་པའི་འགྲོས། །
ཚངས་དབྱངས་ཡན་ལག་དྲུག་ཅུས་བརྒྱན་པའི་གསུང་། །
མི་གཡོ་སྒམ་བརླིང་ཐུགས་ལྡན་གང་ཉིད་ཀྱི། །
ཞབས་ཟུང་གསེར་གྱི་འཁོར་ལོའི་རས་ཁ་ནི། །
དུས་དེར་ཆོས་ལྡན་འབྲུག་གི་ཡུལ་དུ་བཀོད། །
མང་ཐོས་ལུང་རིགས་དུ་མས་གཡུ་རལ་བསིགས། །
ཤར་ནུབ་སྐད་རིགས་དག་ལ་ཆགས་ཐོགས་བྲལ། །
ཆོས་བརྒྱུད་རིས་མེད་ས་དགེ་བཀའ་རྙིང་དང་། །
གཡུང་དྲུང་བོན་དང་བཅས་པའི་སྐྱེས་ཆེན་རྣམས། །
ཤ་ལ་སྦྲང་འབུའི་ཚོགས་དང་སྦྲང་རྩི་ལ། །
སྦྲང་མའི་ཚོགས་ལྟར་གནས་དེར་ངང་གིས་འདུས། །
ཕན་ཚུན་རིང་ནས་འདྲིས་པ་ལྟ་བུ་ཡི། །
ཐུགས་ནང་མཐུན་ཞིང་གུས་བརྩིའི་གསུང་གླེང་དང་། །
ཆོས་ཀྱི་བགྲོ་བ་མང་དུ་བྱས་ཞེས་ཐོས། །
དེ་དག་ལས་ཀྱང་རྒྱལ་དབང་ཀརྨ་པས། །
ཐོག་མའི་གཉིས་པ་མཐའ་མའི་གཉིས་པ་དང་། །
བཅུ་བདུན་བཅས་པའི་མཆོད་རྟེན་རྣམ་གསུམ་དང་། །
རྒྱ་ནག་རི་བོ་རྩེ་ལྔའི་མཆོད་རྟེན་རྣམས། །
གནས་དེར་བཞེངས་པའི་སྦྱིན་བདག་གནང་བ་སོགས། །
མཛད་འཕྲིན་ཉི་ཟླ་གཉིས་དང་མཉམ་པར་མཛད། །
དེ་ལྟར་རྟོགས་ལྡན་ལྡན་གྲོལ་གང་ཉིད་ཀྱིས། །
ཁྱོད་ཀྱིས་རྩོམ་ཡིག་འབྲི་རྒྱུ་མ་བསྐྱུར་ཞེས། །
སྙིང་ཉེའི་གཏམ་ལ་གུས་ཞབས་མཚོན་ཙམ་དུ། །
ལྗང་གསར་གང་དེས་བྲིས་པ་འདི་ནས་རྫོགས། །

2026-11-4-ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *