སྒྲུང་རྩོམ། ཁ་སང་མཚན་མོ།

རྩོམ་ཡིག་འདི་ཐེངས་ 4 བཀླགས་འདུག


ཁ་སང་གི་མཚན་མོ། དུམ་བུ་གཉིས་པ།

ངས་ཆུ་ཧུབ་གང་བཏུངས། ངལ་གསོ་ཕྲན་བུ་བརྒྱབ་རྗེས། སླར་ཡང་རིག་པ་རྩེ་གཅིག་གིས་ལྐོག་ཉན་ལ་ཞུགས། ཁ་པར་ནང་ནས་ཁ་རྩོད་དྲག་ཏུ་རྒྱག་མཁན་གྱི་མོས།
ད་ཆ་གྱང་གི་ངོས་ཐམས་ཅད་ལ་ཨ་མཆོག་ཆེ་ཆུང་སྣ་ཚོགས་འབྱར་ཡོད་པར་དོགས་པ་ལངས་ཡོད་པ་འདྲ་བས། སྐད་ཤུགས་ཅུང་ཟད་ཆུང་དུ་བཏང་ནས། “ཨ་ཕའི་རོ་ཀྱེ། ངས་འདི་ནས་ཕྲུ་གུ་ཚོ་གསོ་སྐྱོང་བྱས་པ་དང་། སློབ་གྲྭར་སྐྱེལ་བ་དང་ལེན་དགོས་པའི་དཀའ་སྡུག་དེ་ཚོ་ལ་ནི་ཁྱོས་དོ་སྣང་གཅིག་ཀྱང་བྱས་མི་འདུག ཁྱོས་རྐུབ་འཚོང་གིན་ཡོད་མེད་རྐྱང་རྐྱང་ལ་དོ་སྣང་བྱེད་ཀྱིན་ཡོད་པ་འདྲ། ཁྱོས་ང་དང་མཉམ་དུ་ཆང་ས་བརྒྱབ་པ་རེད་དམ། ངའི་རྐུབ་དང་མཉམ་དུ་ཆང་ས་བརྒྱབ་པ་རེད། ཁྱོད་ལ་མི་ཚེ་སྐྱེལ་རོགས་ངའི་རྐུབ་གཅིག་པོ་བྱུང་ན་འགྲིག་གི་ཡོད་ས་རེད། རེད་པེ། ཨ་་་་་།”ཞེས་ངུ་སྐད་བརྒྱབ་ནས་བཤད། ད་ཆ་ངའི་བྲང་ལ་འབྱར་བའི་སེམས་པ་དང་གྱང་ལ་འབྱར་བའི་ཨ་མཆོག་གཉིས་ཀས་མོ་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག དེ་ནི་མོས་ངུ་སྐད་བརྒྱབ་པས་སོ་ཟེར་ན། གཏན་ནས་མི་བདེན་ཏེ། ངའི་ཨ་མཆོག་དང་སེམས་པས་མོའི་སྐད་ཆ་ལ་གནས་ལུགས་ཆེན་པོ་མཐོང་བས་ཡིན་ཚུལ་ཁུངས་སྐྱེལ་བྱེད་ཐུབ། ཁྱོད་ཀྱིས་སོམས་དང་། ཁོས་མོའི་རྐུབ་ཤ་སྟག་ལ་གཉེན་སྒྲིག་བྱས་ཡོད་མེད་དེ་ཚོ་ནི་གནད་འགག་ཅན་གྱི་དྲི་བ་མ་ཡིན་ནམ།
ང་སྐྱེས་པ་ནས་བཟུང་། སེམས་ཅན་ཕོ་ཞིག་གིས་སེམས་ཅན་མོ་ཞིག་གི་རྐུབ་དང་ལྷན་དུ་གཉེན་སྒྲིག་བྱས་ཚུལ་གཏན་ནས་ཐོས་མ་མྱོང་། སེམས་ཅན་ཕོ་རྣམས་སེམས་ཅན་མོའི་རྐུབ་ལ་རྒྱུག་པ་ནི། དོན་དངོས་སུ་རྐུབ་ཀྱི་ཆེད་དུ་མ་ཡིན་པར། རིགས་རྒྱུད་སྤེལ་བའི་ཆེད་དུ་ཡིན་ཚུལ། དགེ་སློང་ཚན་རིག་སྨྲ་བ་ཞིག་གིས་གསུང་གིན་འདུག འོ་ན་རིགས་རྒྱུད་སྤེལ་བ་ལ་མེད་ཐབས་མེད་པ་ནི་བུ་སྣོད་ཡིན་གྱི་རྐུབ་ག་ལ་ཡིན། དེ་བས་ཁོས་མོའི་བུ་སྣོད་དང་ལྷན་དུ་གཉེན་སྒྲིག་བྱས་ཚུལ་བཤད་ན། ད་གཟོད་གནས་ལུགས་དང་མཐུན་པའི་སྐད་ཆ་རེད། འོན་ཀྱང་ཁོ་ལ་མཚོན་ན། རིགས་རྒྱུད་སྤེལ་བྱེད་ཀྱི་ཅ་དངོས་གཅིག་མ་གཏོགས་ཡོད་བཟོ་མི་འདུག་ལ། དེ་ཡང་ཨ་རི་ནས་གང་བྱུང་དུ་བེད་སྤྱད་བཞག་ན། དེ་ནི་ཁོང་གཉིས་ཀྱི་གཉེན་སྒྲིག་གི་གྲོས་ཆོད་དང་འགལ་བ་རེད། ངོས་འདི་ནས་བལྟས་ན་ཁོ་རང་རྦད་དེ་ནག་ཉེས་ཆེ་བར་འདུག
ངའི་བྲང་ལ་འབྱར་བའི་སེམས་པས་འདི་ལྟར་ཆིག་ལབ་རྒྱག་འགོ་བཙུགས་སོང་བས། གྱང་ལ་འབྱར་བའི་ཨ་མཆོག་ལ་ཁ་ཡ་བྱེད་ཁོམ་མི་འདུག དེ་བས་གྱང་ལེབ་ཕ་རོལ་ཀྱི་མོའི་ཁ་རྩོད་རྣམས་ཀྱང་རེས་གསལ་རེས་མོག་ལ་གྱུར་འགོ་ཚུགས། ངའི་བྲང་ལ་འབྱར་བའི་སེམས་པ་འདིས་ཆིག་ལབ་རྒྱག་འགོ་བཙུགས་ན། ས་མཚམས་དང་གོ་རིམ་ཟེར་བ་ཞིག་གཏན་ནས་མེད། མོའི་ཁ་རྩོད་ནང་། ‘ཕྲུ་གུ’དང‘སློབ་གྲྭ’ཞེས་པའི་ཚིག་གཉིས་རྒྱུ་མཚན་དུ་བྱས། ངའི་བྲང་ལ་འབྱར་བའི་སེམས་པ་འདི། ང་རང་ཕྲུ་གུ་ཡིན་དུས་ཀྱི་སློབ་གྲྭའི་ཕྱོགས་སུ་རྟ་རྒྱུག་པ་ལྟར་ཤོར་ཕྱིན་སོང་།
ང་ཕ་ཡུལ་ན་ཡོད་སྐབས། ཆུང་ཆུང་ཡིན་སྐབས། ངའི་ཨ་ཕ་རུ་གྲགས་པའི་མི་དེས་འགྲམ་ལྕག་གསུམ་ཕབ་སྟེ། ང་རང་གཉིད་ལས་བསླངས་རྗེས་ཀྱི་ཞོགས་པ་ཞིག་ལ། ཁོས་ང་ལ་ཇ་སྡུར་ཞིག་བལྡག་ཏུ་བཅུག དེ་ནས་གཡག་གི་རྩིད་པས་བསླས་པའི་ལྟོ་ཕད་ཅིག་གྲ་སྒྲིག་བྱས་པ་དེ་ངའི་རྒྱབ་ལ་བཀལ་ཏེ། ལག་པ་རྩུབ་པོ་དེས་ང་རང་འདྲུད་མ་འཐེན་གྱི་ངང་ཁྱིམ་གྱི་ཕྱི་ལ་ཁྲིད་ཕྱིན། ངའི་ཁྱིམ་དང་རྒྱང་ཐག་མི་རིང་ས་ཞིག་ན། རྒྱབ་ལ་ལྟོ་ཕད་ཆེ་ཆུང་སྣ་ཚོགས་ཐོགས་པའི་ཕྲུ་གུ་སློག་པ་གོན་པ་འགའ་ཡར་རྒྱུག་མར་རྒྱུག་ལ་བྲེལ་འདུག
ངའི་ཨ་ཕ་རུ་གྲགས་པའི་མི་དེས་ང་ལ། “དེ་རིང་ནས་བཟུང་ཁྱོད་རང་སྤྲེལ་ཕྲུག་དེ་ཚོ་དང་ལྷན་དུ་སློབ་གྲྭ་ཟེར་བའི་ཁང་པ་ནར་ནར་དེ་ནས། རྒྱ་མིའི་ཡི་གེ‘ཚུགས་མ’ཟེར་བ་དེ་རིགས་ཀློག་ཏུ་འགྲོ་དགོས། བྱུར་ཆེན་ཁྱོད་ལྟ་བུ་རྣམས་ལ། ‘ཆོས་ཡིག’བྱིན་རླབས་ཅན་དེ་ཚོ་ནི་ཀློག་སྐལ་ག་ལ་ཡོད།”ཟེར། ཁོས་དེ་ལྟར་བཤད་སྐབས་ངས་ཁོའི་གདོང་ལ་བལྟ་ཐབས་བྱས་མོད། ངའི་མིག་གཉིས་ཀ་བསྡོམས་ཀྱང་ཁོའི་ལྟོ་བ་ཡན་ལ་སླེབས་མ་ཐུབ།
ང་ཕྲུ་གུ་དེ་ཚོ་དང་ལྷན་དུ་སློབ་གྲྭ་ཟེར་བའི་ཁང་པ་ནར་ནར་དེའི་ཕྱོགས་སུ་ཆས། ང་ཚོ་ལམ་ལ་ཆས་ནས་གང་འཚམ་འགོར་རྗེས། ཕྲུ་གུ་དེ་ཚོས་ངའི་ལྟོ་ཕད་བསྔོག་དགོས་ཡོད་ཟེར། ཁོ་ཚོས་ངའི་ལྟོ་ཕད་བསྔོགས་ཚར་རྗེས། ངའི་ཁོག་པ་བསྔོག་དགོས་ཡོད་ཟེར། ངས“དེ་སྔོག་ཚུལ་ཇི་ལྟར་ལགས།”ཞེས་དྲིས་པས། “ཁྱོད་ཀྱི་ཨ་ཕ་དང་ཨ་མ་གཉིས་ཀྱིས། མཚན་ལ་འཆམ་འཁྲབ་ཀྱིན་ཨེ་འདུག”ཟེར། ངས‘འཆམ’ཞེས་པའི་ཚིག་དེ་ཐོས་པ་ཐེངས་པོ་ཡིན་ཙང་། ནང་དོན་མ་གོ་བའི་རྣམ་འགྱུར་བསྟན་པར། ཁོ་ཚོས་ངས་དོན་གོ་ཡོད་མེད་ལ་བསམ་ཤེས་ཙམ་ཡང་མི་བྱེད་པར། “ཁྱོད་ཀྱིས་ལན་མི་རྒྱག་ན་འདི་ཁུར།”ཟེར་ཏེ་ངའི་སྐྲ་ནས་འཇུ་ཐེངས་ཤིག་གིས་ས་ལ་བརྡབས། ས་ལ་འགྱེལ་ཡོད་པའི་ངའི་སྟེང་དུ་ཁོ་ཚོ་ཐམས་ཅད་འཛེགས་ཏེ། ཨ་མཆོག་འཐེན་པ་དང་སྦར་ཤད་རྒྱག་པ་དང་མུར་མཛོག་གཞུ་བ་སོགས་ཀྱི་བྱ་བྱེད་འདྲ་མིན་ལག་ཏུ་བསྟར། འོན་ཀྱང་ངའི་ཨ་ཕ་རུ་གྲགས་པའི་མི་དེའི་རང་བྱུང་ཁམས་འདུལ་སྦྱོང་བྱེད་པ་ལྟ་བུའི་རྡུང་རྡེག་དང་བསྡུར་ན། ཕྲུ་གུ་ཆུང་ཆུང་དེ་ཚོའི་ལག་པ་ཆུང་ཆུང་དེ་ཚོ་ནི་གླེང་རིན་ཡོད་པ་ཞིག་རེད་མི་འདུག་པས། ངས་ཁོ་ཚོར་འཕག་འཚག་གང་འདོད་དུ་རྒྱག་བཅུག་པ་ཡིན། གང་འཚམ་ནས་ཁོ་ཚོའང་ཐང་ཆད་པ་འདྲ་སྟེ། “ད་ནི་སློབ་གྲྭར་འགྲོའོ། །”ཟེར།
སློབ་གྲྭ་ཟེར་བའི་ཁང་པ་ནར་ནར་དེའི་སྒོ་ཆེན་ནང་ལ་འཛུལ་བ་དང་། ཁང་པ་ནར་ནར་དེ་དག་གི་ཟུར་ཞིག་ན། ཧྲུ་ཅིའི་བཟོ་ལྟ་ཡོད་མཁན་གྱི་ཕོ་གསར་ཞིག གུ་ཐུང་ཟུར་གཉིས་ཀྱི་འབའ་ཁུག་ལ་ལག་པ་བཅུག་སྟེ་ཁ་རླངས་འཕྱུར་རེར་ང་ཚོའི་ཕྱོགས་སུ་བལྟས་འདུག ཁོས་ང་མཐོང་བ་དང་ཅུང་ཟད་རྒྱུན་ལྡན་མིན་པའི་རྣམ་འགྱུར་ཞིག་གདོང་ལ་བསྐྱིལ་རྗེས། ངའི་ཕ་མིང་མ་མིང་དང་ཁྱིམ་ཚང་སོགས་རྒྱུགས་བླངས། ངས་རྒྱུགས་ཕྲོད་པ་འདྲ། ཁོས་ང་རང་སློབ་ཁང་ཟེར་བའི་ཁང་པ་ཞིག་གི་ནང་འདེད་བྱུང་། དེ་ནི་ངས་ར་ལུག་ལྷས་རྭའི་ནང་འདེད་པ་དང་ཤིན་ཏུ་འདྲ།
སློབ་ཁང་དུ་འབོད་པའི་ཁང་པ་དེའི་ནང་། ཅོག་ཙེ་རྐུབ་བཀྱགས་ནར་ནར་མང་པོ་བཤམས་ཡོད་ཅིང་། ཅོག་ཙེ་རྐུབ་བཀྱགས་ནར་ནར་དེ་ཚོའི་སྟེང་ན་ཕྲུ་གུ་མང་པོ་བང་བསྒྲིགས་ནས་བཞག་འདུག ང་ཁང་པ་དེའི་སྒོ་འགྲམ་དུ་སླེབས་པ་དང་། ཁང་པ་དེའི་ནང་གི་ཕྲུ་གུ་ཡོད་ཚད་ངའི་ཕྱོགས་ལ་ཁ་བསྒྱུར་ཏེ་མིག་ཧྲིག་ཧྲིག་བྱེད་ཅིང་མཆིས། ངས་ཚུལ་དེ་མཐོང་བ་དང་། ངའི་ཁྱིམ་ན་ཡོད་པའི་མཆོད་ཁང་དྲན། ངའི་ཁྱིམ་ན་ཡོད་པའི་མཆོད་ཁང་ནང་། ཤིང་སྒྲོམ་གྲུ་བཞི་མཐོན་པོ་ཞིག་ཡོད་པ་དེའི་སྟེང་ན་སྐུ་པར་མང་པོ་བང་བསྒྲིགས་ཡོད་པ་དེ་དག་དང་། སློབ་ཁང་འདིའི་ནང་ཕྲུ་གུ་མང་པོ་ཤིང་གི་རྐུབ་བཀྱགས་སྟེང་ལ་བང་བསྒྲིགས་ནས་བཞག་ཡོད་པའི་སྣང་ཚུལ་གཉིས་ནི་དེ་འདྲའི་འདྲ་བ་ཞིག་རེད། དེ་གཉིས་འདྲ་དྲགས་ཏེ་ངས་གད་མོ་འགོག་མ་ཐུབ། ངས་དང་ཐོག་ཅུང་ཟད་དལ་པོའི་ངང་གད་མོ་བགད། དགོད་ཚུལ་དེ་ནི། “ཧ་་་་ཧ་་་་།”ཞེས་ཧ་སྒྲ་རིང་པོ་དང་དལ་པོ་ཡོད་པའི་གད་མོ་ཞིག་རེད། རིམ་གྱིས་དེ་མགྱོག་ཏུ་མགྱོག་ཏུ་ཕྱིན་ཏེ། “ཧ་ཧ་ཧ་ཧ་ཧ།”ཞེས་སྐད་ཤུགས་ཆེན་པོས་བགད། གད་མོའི་མགྱོགས་རིམ་བཞིན་ངའི་ལུས་པོའང་མ་ཚུགས་པར་ས་ལ་འགྱེལ། ངས་ས་ཐོག་ཏུ་གན་རྐྱལ་ལོག་ནས། “ཧ་ཧ་ཧ་ཧ་ཧོ།”ཞེས་སྐད་ཤུགས་དྲག་པོས་བགད། ངས“ཧ་ཧ་ཧ་ཧ་ཧོ”ཞེས་བགད་པའི་ངང་ཚུལ་ལ་བལྟས་ཏེ། ཤིང་གི་རྐུབ་སྟེགས་སྟེང་ན་སྐུ་པར་ལྟར་བང་བསྒྲིགས་ཡོད་པའི་ཕྲུ་གུ་དེ་ཚོས་ཀྱང་། “ཧ་ཧ་ཧ་ཧ་ཧོ”ཞེས་བགད། ཁོ་ཚོས་རྐུབ་བཀྱགས་སྟེང་དུ་བང་བསྒྲིགས་ནས། “ཧ་ཧ་ཧ་ཧ་ཧོ”ཞེས་དགོད་ཚུལ་དེ་ནི། ཕྱིས་སུ་ང་གྲྭ་པ་བྱས་རྗེས་འདུ་ཁང་ནང་ནས་གྲྭ་པ་མང་པོ་དང་ལྷན་དུ་གྲལ་བསྒྲིགས་ཏེ། “ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ།”ཞེས་འུར་འདོན་བྱས་པ་དང་ཤིན་ཏུ་འདྲ། སློབ་ཁང་དེ་དེ་ལྟར་དགོད་སྒྲས་ཁེངས་ཡོད་སྐབས། གློ་བུར་དུ་ངའི་རྒྱབ་ན་ལངས་ཡོད་པའི་དགེ་རྒན་གྱིས། གླག་གིས་ལུ་གུ་འཛིན་པ་ལྟར་ངའི་སློག་པགས་ཀྱི་སྐ་རགས་ནས་འཛིན་ཐེངས་ཤིག་གིས་རྐུབ་བཀྱགས་ཤིག་གི་སྟེང་དུ་གཡུགས། ཐམས་ཅད་ཀྱིས་དགོད་མཚམས་བཞག ངས་ཀྱང་དགོད་མཚམས་བཞག ཁང་པ་དེ་ཁུ་སིམ་མེར་གྱུར།
ཅུང་ཙམ་རྗེས་དགེ་རྒན་ཧྲུ་ཅི་འདྲ་པོ་དེས་གློ་སངས་ཞིག་དང་བཅས། མདུན་གྱི་ཕྲུ་གུ་ཞིག་ལ་མཛུབ་མོ་བཙུགས་ཏེ། “དར་རྒྱས་ཁྱོད་ཉོན་ཅིག ང་ནི་ཉ་འཛིན་དུ་འགྲོ་དགོས། ཁྱོད་ཀྱིས་ནག་པང་སྟེང་གི་ཡི་གེ་འདི་དག ཁོ་ཚོར་ངག་སྐྱོར་གཏོང་དུ་ཆུག་ཅིག”ཅེས་བཀོད་པ་བཏང་སྟེ་སློབ་ཁང་གི་སྒོ་སྙེགས་ནས་ཐོན་ཕྱིན།
དགེ་རྒན་གྱི་བཀའ་བཀོད་ལྟར། དར་རྒྱས་ལངས་ཏེ་ནག་པང་མདུན་དུ་ཐོན། ཁོས་ལག་གཡས་པས་དབྱུ་གུ་ཞིག་བཟུང་སྟེ། ནག་པང་ལ་ཁ་ཕྱོགས། དེ་མ་ཐག་རྐུབ་བཀྱགས་སྟེང་ན་བང་བསྒྲིགས་ཡོད་པའི་ཕྲུ་གུ་ཚོའི་ཁྲོད་ནས། “དར་རྒྱས་སྤྲེའུ།”ཞེས་པའི་སྒྲ་ཞིག་གྲགས། ཁོས་ལམ་སེང་ཁ་ཕྱིར་འཁོར་ཏེ། “སུ་རེད། སུ་རེད། ཨ་་་། མགྱོགས་པོ་ཤོད་མ་གཏོགས་ཉོ་ཆ་བཟེད་ཀྱི་རེད།”ཅེས་འཇིགས་སྣང་བསླངས། ཁོའི་དཔྲལ་བ་ཐོ་བ་ལྟ་བུ་དེའི་ངོས་སུ་ཁྲོན་པ་ལྟར་གཏིང་རིང་བའི་མིག་གཉིས་འདུག་པ་ང་ཚོའི་ཕྱོགས་སུ་ཅེར་འདུག ངང་ཚུལ་དེ་ནི་འཇིགས་སུ་རུང་བ་ཞིག་སྟེ། ངའི་ཨ་ཕ་རུ་གྲགས་པའི་མི་དེས་རྡུང་རྡེག་གི་གྲ་སྒྲིག་བྱེད་སྐབས་ཀྱི་ངང་ཚུལ་དང་ཧ་ཅང་འདྲ། མཚམས་དེར་ངའི་མདུན་ན་གྲལ་བསྒྲིགས་ཡོད་པའི་བུ་མོ་ཆུང་ཆུང་ཞིག་གིས་རྒྱབ་ལ་ཁ་བསྐོར། ངའི་གདོང་ལ་མཛུབ་མོ་བཙུགས། “ཁོ་རེད།”ཅེས་ལན་བཏབ།
དར་རྒྱས་སྤྲེའུས་ཡིན་མིན་བརྟག་ཞིབ་ཙམ་ཡང་མ་བྱས་པར་ངའི་མགོ་ཐོག་ལ་དབྱུ་གུ་དེ་ལན་ལྔ་གཞུས། སྣང་ཚུལ་ལ་ཁོ་རང་འཇིགས་སུ་རུང་བ་ཞིག་འདུག་ཀྱང་། ཁོའི་དབྱུག་རྡེག་དེ་དག་ནི་ངའི་ཨ་ཕ་རུ་གྲགས་པའི་མི་དེའི་རྡུང་རྡེག་གི་ཟུར་ཙམ་ལའང་སླེབས་ཐུབ་པ་མི་འདུག ང་ལ་གཞུས་ཚར་རྗེས་ཁོས་དབྱུ་གུ་དེ་ནག་པང་ལ་བཙུགས་ནས།
“ཀ—ཀ་ར་ཀོ་རེ་མ་བྱེད། ཁ།—ཁ་རྒྱགས་པ་མ་ཤོད། ག—ག་ལེར་ཀ་ཁ་སྦྱོངས། ང་།—ང་ཡི་སྐད་ཆ་སེམས་ལ་ཞོག”ཅེས་སྐད་ངག་ཕྲ་ཞིང་རིང་བ་ཞིག་བརྒྱབ་སྟེ། ནག་པང་སྟེང་གི་རི་མོ་དེ་དག་གི་མིང་ནས་བོས། ཕྲུ་གུ་གཞན་དག་གིས་ཀྱང་མགོ་བོ་ཡམ་ཡོམ་དུ་གཡུག་གིན་རི་མོ་དེ་དག་གི་མིང་ནས་བོས། ངས་ཀྱང་ཁོ་ཚོའི་མིང་ནས་བོས། འོན་ཀྱང་ངའི་ཆེད་དུ་ཁོ་ཚོ་ངོ་ཤེས་རྙིང་པ་མ་དེ་འདྲ་ནི་རེད་མི་འདུག བལྟས་ཚོད་ལ། ངའི་ཨ་ཕ་རུ་གྲགས་པའི་མི་དེས་བཤད་པའི་རྒྱ་མིའི་ཡི་གེ‘ཚུགས་མ’ཟེར་བ་དེ་ཡིན་པ་འདྲ།
ང་ཚོས་ཉིན་ཕྱེད་ཙམ་དེ་ལྟར་སྐད་ཅོར་བརྒྱབ་མཐར། ཉ་འཛིན་མཁན་གྱི་དགེ་རྒན་ཧྲུ་ཅི་འདྲ་པོ་དེ་སློབ་ཁང་དུ་སླེབས། ངས་ངོ་ཤེས་ལ་ཁད་དུ་ཡོད་པའི་ནག་པང་སྟེང་གི་རི་མོ་རྣམས། དགེ་རྒན་ཧྲུ་ཅི་འདྲ་བ་དེས་བསུབས། ཁོས་རི་མོ་གསར་པ་འགའ་བྲིས་སོང་བ་རྣམས་ནི་སྟེང་འོག་ལ་ཤིང་གི་བ་ཐག་བརྐྱངས་པ་ལྟ་བུའི་ཟང་ཟིང་འདྲ་མིན་ཡོད་པ་འགའ་རེད། ཁོས་སྐད་གདངས་སྦོམ་པོས་རི་མོ་དེ་དག་གི་མིང་ནས་འབོད་འགོ་བརྩམས། “རང་ལ་དགོས་པའི་ཡོན་ཏན་དེ། །ཉི་མ་རེ་ལ་ཚིག་རེ་ཟུངས། །”
ང་ཚོས་ཀྱང་། “རང་ལ་དགོས་པའི་ཡོན་ཏན་དེ། །ཉི་མ་རེ་ལ་ཚིག་རེ་ཟུངས། །”ཞེས་རྗེས་ཟློས་བྱས། ཆུ་ཚོད་ཕྱེད་ཀ་ཙམ་འགོར་རྗེས། ཁོས་དབྱུ་གུ་དར་རྒྱས་སྤྲེའུ་ལ་གཏད་དེ། “ཁྱོད་ཀྱིས་ཁོ་ཚོར་ངག་རྒྱུགས་གཏོང་དུ་ཆུག་ཅིག ང་ནི་ཉ་ཤ་བཟའ་རུ་འགྲོའོ། །”ཟེར་ཏེ་སློབ་ཁང་ནས་ཆས།
དགེ་རྒན་ཧྲུ་ཅི་འདྲ་པོ་དེ་ཕྱིར་ཐོན་ཚར་མ་ཐག སློབ་ཁང་ནང་ནས། “རང་ལ་དགོས་པའི་ཉ་མོ་དེ། །ཉི་མ་རེ་ལ་གཅིག་རེ་ཟུངས། །”ཞེས་པའི་སྐད་ཕྲ་བོ་ཞིག་བརྒྱབ། དེ་མ་ཐག་དགེ་རྒན་ཧྲུ་ཅི་འདྲ་བ་དེ་བསྐྱར་ལོག་བརྒྱབ་ཡོང་ནས། “སུ་རེད། སུ་རེད། ཨ་་་་། སྤྲང་ཕྲུག”ཅེས་སྐྲག་སྣང་སྐུལ། ངའི་མདུན་ན་ཡོད་པའི་དེ་སྔོན་གྱི་བུ་མོ་ཆུང་ཆུང་དེས་རྒྱབ་ལ་ཁ་བསྐོར། ངའི་གདོང་ལ་མཛུབ་མོ་བཙུགས། “ཁོ་རེད”ཅེས་ལན་བཏབ།
བུ་མོ་ཆུང་ཆུང་དེས། ཡང་ནས་བསྐྱར་དུ་ངའི་གདོང་ལ་མཛུབ་མོ་འཛུགས་སྟངས་དེ་ནི། ཡུལ་མི་ལང་ལིང་ཚོས་ངའི་ཨ་མཆོག་གི་འགྲམ་ནས་སྐད་ཆེན་པོ་བརྒྱབ་སྟེ། ངས་ང་ཚོའི་ཁྱིམ་གྱི་ར་ལུག་གི་གྲངས་ཀ་ཉུང་དུ་བཏང་ཚུལ་གྱི་བཤད་ཡམས་དེ་དག་དང་ཤིན་ཏུ་འདྲ། ངས་ཡུལ་མི་ལང་ལིང་ཚོའི་བཤད་ཡམས་རྫུན་དུ་བསྒྲུབ་མ་ཐུབ་པ་ལྟར། བུ་མོ་ཆུང་ཆུང་དེའི་ཉེས་འཛུགས་དེ་དག་ཀྱང་རྫུན་དུ་བསྒྲུབ་མ་ཐུབ།

མཆན། དེ་སྔ་ངས་སྒྲུང་འདིའི་འགོ་ཙམ་ངོ་དེབ་ཏུ་བཀོད་པར། ཀློག་མཁན་མང་པོ་ཞིག་གིས་དགའ་པོ་བྱས་པར་མ་ཟད། གྲོགས་པོ་སེམས་ཐག་ཉེ་བ་འགས་ཧ་ཅང་སེམས་ཤུགས་སྤར་གྱིན་འདུག་པའི་རྒྱུ་མཚན་གྱིས། ཆེད་མངགས་ཁོང་རྣམ་པར་ལེགས་སྐྱེས་ཀྱི་ཚུལ་དུ་དུམ་བུ་འདི་ངོ་དེབ་ཏུ་བཀོད་པ་ཡིན་མོད། སྒྲུང་འདི་འདི་ནས་རྫོགས་སོང་བ་དེ་འདྲ་ནི་གཏན་ནས་མིན། འོན་ཀྱང་ལྷག་མ་རྣམས་གནས་སྐབས་དྲྭ་ལམ་ཁག་ཏུ་འགོད་རྩིས་མེད་དེ། ལམ་ཁ་གཞན་ཞིག་བརྒྱུད་ནས་ངས་སྒྲུང་ཆ་ཚང་བ་ཞིག་ཁྱེད་ཅག་གི་སྤྱན་ལམ་དུ་འབུལ་ཐབས་བྱེད་དོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *