༢༠༢༤ ལོའི་སྙིང་མིག་གི་སྙན་ངག་གསར་པ།
རྩོམ་ཡིག་འདི་ཐེངས་ 399 བཀླགས་འདུག
༸ཁམས་སྤྲུལ་ཡིད་བཞིན་ནོར་བུ་མཆོག་ལ་གསོལ་འདེབས་ཕྱི་ལོ་སར་པའི་རོལ་དབྱངས།
མར་གད་འཁྲི་ཤིང་རླུང་གིས་སྐྱོད་པ་ཡི།།
གཡང་ཊི་མེ་ཏོག་ཡིད་བཞིན་འཁོར་ལོ་མ།།
རྗེས་ཆགས་བརྩེ་བའི་ཟུར་མིག་མྱག་ཕྲན་གྱིས།།
མགྲིན་པའི་རྩ་ཁམས་གྲོལ་བའི་ཤིས་པ་སྩོལ།།
རབ་དཀར་བརྒྱུད་པའི་རིང་ལུགས་གང་གཱའི་ཀླུང།
ཐུབ་བསྟན་ཟླ་བའི་མ་མར་སྐྱིལ་བ་ཡི།།
ལི་ཁྲིའི་རླབས་ཀྱིས་འཕྱོ་བའི་སེམས་དཔའ་ཆེ།།
མ་དྲོས་མཚོ་ཆེན་ལྟ་བུའི་བླ་མ་མཁྱེན།།
འདུ་འཛི་འཁྲི་ཤིང་འཁྱུད་པའི་ལྕུག་ཕྲན་རྒྱ།།
རིང་ནས་བཅད་པ་དབེན་འཇགས་རི་བོའི་སུལ།།
ཉམས་རྟོགས་ལྷ་ཡི་སྐྱེད་ཚལ་བསྐྲུན་མཛད་པ།།
པདྨ་དཀར་པོ་ལྟ་བུའི་བླ་མ་མཁྱེན།།
རྣམ་དག་ཚུལ་ཁྲིམས་འཛམ་བུའི་རྒྱལ་མཚན་ལ།།
ཏིང་འཛིན་ཡལ་འདབ་ལོ་མས་ཕྱོགས་སུ་བྲེས།།
ཤེས་རབ་འབྲས་བཟང་ཁུར་གྱིས་དུད་པ་ཡི།།
དཔག་བསམ་ལྗོན་ཤིང་འདྲ་བའི་བླ་མ་མཁྱེན།།
ཕྱོགས་བཅུ་ནམ་མཁའ་སྐར་མའི་འཇིག་རྟེན་དུ།།
ཐུགས་རྗེའི་རྡུལ་དཀར་ཀུན་ཏུ་འགྱེད་པ་ཡི།།
བྱིན་རླབས་བདུད་རྩིའི་གོང་བུ་རི་བོང་འཛིན།།
ཉ་གང་ཟླ་བ་འདྲ་བའི་བླ་མ་མཁྱེན།།
མཁྱེན་རབ་གཤོག་སྒྲོ་གནམ་གྱི་མཐོངས་སུ་རྐྱོང་།།
བརྩེ་ཆེན་དབུ་འཕངས་སྤྲིན་གྱི་གོ་བར་བསྙེགས།།
ནུས་འགྲོའི་སྤྱན་གྱིས་ཤེས་བྱ་ཀུན་ལ་གཟིགས།།
ཐང་དཀར་རྒོད་པོ་འདྲ་བའི་བླ་མ་མཁྱེན།།
དབྱར་རྔའི་མཚན་གྱི་ཅོད་པན་དབུ་ལ་འཁྱུད།།
བྱིན་རླབས་སྤྲིན་གྱི་མེ་ཏོག་ཕྱོགས་སུ་འཕྱན།།
སྲིད་གསུམ་སྒྲ་བརྒྱ་སྒྲོག་ལ་རིངས་པའི་མགོན།།
ངེས་དོན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས།།
དོན་བརྒྱུད་བསྟན་པའི་སྲོག་ཤིང་རྡོ་རྗེ་རྫོང་།།
སྙན་བརྒྱུད་གདམས་པའི་གན་མཛོད་སེང་གེ་བྲག།
སྒྲུབ་བརྒྱུད་རྒྱ་མཚོའི་མངའ་བདག་འཁྲུལ་ཞིག་པ།།
བརྒྱུད་གསུམ་ཀུན་འདུས་ཞབས་ལ་གསོལ་བ་འདེབས།།
མདོ་རྒྱུད་གཞུང་ལུགས་སྤྲུལ་པའི་གླེགས་བམ་ཆེ།།
མཐོང་རྒྱུད་མན་ངག་འདུས་པའི་བེའུ་བུམ་ཆེ།།
དགོངས་རྒྱུད་རྟོགས་པ་འཕོས་པའི་རྒྱལ་ཚབ་ཆེ།།
ཆེ་བ་གསུམ་ལྡན་ཞབས་ལ་གསོལ་བ་འདེབས།།
ཆོས་བརྒྱད་ཡལ་ག་འཁྲིལ་བའི་ནགས་མ་ཀླུང་།།
བོར་ནས་དབེན་གསུམ་ཟབ་མོའི་གཟུངས་སྔགས་སྒྲ།།
སྒྱུ་འཕྲུལ་མེ་ལོང་དབུས་སུ་འཕོས་པའི་དབྱངས།།
རང་བྱུང་ཐོས་གྲོལ་ཞབས་ལ་གསོལ་བ་འདེབས།།
སྲིད་འབྱོར་རྒོད་མ་ཁ་ཡི་འབར་བའི་རོས།།
སྐྱེ་སྤྲུལ་ཀུ་ཤའི་འདབ་ལོ་བདས་པའི་ཚེ།།
ཁྱོད་ཐུགས་ཕ་རོལ་མི་མངོན་རོ་ལྡན་མ།།
བྱིན་རླབས་གྲུ་ཆར་འབེབས་ལ་གསོལ་བ་འདེབས།།
རྡོ་རྗེ་གདན་དུ་དྲང་སྲོང་ཆེན་པོའི་དྲུང་།།
དང་བ་འདྲེན་པའི་ཁྱུ་མཆོག་ཉེ་བར་འཁོར།།
བཻ་ཌཱུའི་མཚོ་ལ་འཆར་བ་བདུད་རྩིའི་འོད།།
ཡེ་ཤེས་སྒྱུ་མའི་ཞབས་ལ་གསོལ་བ་འདེབས།།
དབུས་ཀྱི་རྒྱལ་པོ་མཐའ་ཡི་སྤྲང་པོ་དང་།།
ཡུལ་གྱི་མཆོད་གནས་གྲོང་གི་བཤན་པ་དག།
སུ་ཡིས་མཇལ་ན་དགྱེས་ཞལ་ཟླ་བ་འཛུམ།།
མི་འཁྲུག་སེམས་དཔའ་མཆོག་ལ་གསོལ་བ་འདེབས།།
གངས་རིའི་ལྟོངས་སུ་རས་པ་ཆེན་པོ་ལྟར།།
བུ་ཡུག་ཀློང་གི་སེང་གེ་མཐུར་མེད་པོ།།
སྤང་ལ་བེ་ཕུར་བཏབ་པའི་བྱ་བྲལ་བ།།
སྒོམ་པའི་རྒྱལ་ས་ཟིན་ལ་གསོལ་བ་འདེབས།།
ས་གསུམ་བཀྲ་ཤིས་ཡོངས་འདུ་ལྷ་ཡི་ལྗོངས།།
སྨན་ཚལ་ནགས་ཀླུང་ཞི་བའི་བས་མཐའ་རུ།།
སྒྲུབ་པའི་རྒྱལ་མཚན་བཞེངས་པའི་རྣམ་ཐར་འཆང་།།
གྲུབ་པའི་གཙུག་རྒྱན་མཆོག་ལ་གསོལ་བ་འདེབས།།
རྩེ་གཅིག་སྤྲོས་པ་བྲལ་བའི་ལྟ་བ་ལ།།
རོ་གཅིག་སྒོམ་པ་མེད་པའི་ཕྱག་རྒྱ་ཆེ།།
ཟུང་འཇུག་སྒྲོན་མེ་བལྟམས་པའི་རྡོ་རྗེ་འཆང་།།
འོག་མིན་སྟོན་པ་མཆོག་ལ་གསོལ་བ་འདེབས།།
ཐུན་བཞི་རྣལ་འབྱོར་གཉུག་མ་ཆུ་བོའི་རྒྱུན།།
གོམས་པའི་རླབས་ཀྱིས་ནོར་བུའི་ཁྲི་འཕང་དུ།།
བཞུགས་ཚེ་མི་གཡོ་བྲིས་འབུར་ལྷ་ཡི་སྐུ།།
དཀྱིལ་ཀྲུང་སེམས་དཔའ་མཆོག་ལ་གསོལ་བ་འདེབས།།
དྲི་མེད་ལུང་རིགས་གངས་ཀྱི་རི་བོའི་སྤོར།།
རྟོགས་པའི་གཡུ་རལ་ནོར་བུ་མཁའ་ལ་གསིག།
འཇིགས་བྲལ་སྨྲ་བའི་སེང་གེ་སྒྲ་སྒྲོག་པ།།
གཡུལ་རྒྱལ་སེམས་དཔའ་མཆོག་ལ་གསོལ་བ་འདེབས།།
མང་ཐོས་འཇའ་ཚོན་འཁྱིལ་བའི་གུར་ཁང་དུ།།
བསམ་གཏན་འོད་ཀྱིས་ཤེ་མུན་མཐའ་ནས་སངས།།
ཐུབ་བསྟན་ལྷ་ཡི་རྫིང་རིང་སྐྱོང་བའི་མགོན།།
བཤད་སྒྲུབ་ཉི་མའི་ཞབས་ལ་གསོལ་བ་འདེབས།།
རྡོ་རྗེ་འཆང་ཆེན་འོག་མིན་ཞིང་དུ་བཞུགས།།
ཐུབ་པ་ཆེན་པོ་རྩྭ་མཆོག་གྲོང་དུ་གཤེགས།།
ལྟོས་བཅས་འགྲོ་བའི་འདྲེན་པ་གཅིག་པུ་པ།།
ཐར་པའི་ལམ་སྟོན་མཆོག་ལ་གསོལ་བ་འདེབས།།
རས་དཀར་འདབ་གཤོག་རྒྱས་པའི་བུ་ཆེན་དག།
རལ་པ་ལྕང་ལོ་དབེན་པའི་ནགས་སུ་མདུད།།
གཟུང་འཛིན་རྒྱ་ལས་གྲོལ་བའི་རི་དྭགས་ཁྱུ།།
སྐྱོང་མཛད་སྡེར་ཆགས་རྒྱལ་པོར་གསོལ་བ་འདེབས།།
མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ལ།།
མི་ལྡོག་དད་ཅིང་མོས་གུས་སྤུ་ལོང་གཡོ།།
སྐྱིད་སྡུག་ཞུ་ཡུལ་སྐྱབས་གནས་བླ་མ་རྗེ།།
དྲན་པའི་གདུང་སེལ་ཞབས་ལ་གསོལ་བ་འདེབས།།
དད་འདུན་དཔྱིད་ཀྱི་ཕོ་ཉ་འཕུར་བའི་རླབས།།
མདངས་ལྡན་ཨ་ལོང་དར་གྱིས་དབྱངས་པ་ན།།
ཐུགས་རྗེ་ཀྱོ་བས་པདྨའི་ཚལ་དུ་དྲོངས།།
འཇིག་རྟེན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས།།
ཐོས་པ་མདའ་ཡན་བོག་འཆར་མི་ཤོར་ཞིང་།།
སྒོམ་པ་བྱིང་རྨུགས་འདམ་དུ་མི་འཕྱང་བ།།
རྟོགས་པ་གནམ་ལ་མདུང་མོ་སྐོར་བ་ཡི།།
ཕ་རྗེས་བུ་ཡིས་ཟིན་པའི་དངོས་གྲུབ་ཞུ།།
སྐྱེ་བ་འདི་ནས་ཚེ་རབས་ཀུན་ཏུ་བདག།
རྗེ་བཙུན་གང་གི་ཞབས་སེན་མེ་ཏོག་དྲུང་།།
དམ་ཚིག་འོ་མའི་རྫིང་བུ་འཁྱིལ་བ་ཡི།།
འཕྲིན་ལས་ཕྱོགས་བརྒྱར་སྤེལ་བའི་བྱེད་པོ་ཤོག།
མཚོ་འཁྲུངས་ལྷ་མོས་རྗེས་བཟུང་ན་ཕྲ་བས།།
གང་གི་རྣམ་ཐར་པིར་གྱིས་མི་ཞེངས་ཀྱང་།།
མཆོད་པའི་མེ་ཏོག་སོར་མོའི་འདུ་བྱེད་འདིས།།
བསོད་ནམས་མཐའ་ཡས་ཀླུང་དང་འདྲེས་པར་ཤོག།
མངར་སྐྱུར་འདྲེས་མ་འཚོ་བའི་རྨི་ལམ་དང་།།
བཟང་ངན་འཐབ་པ་དུས་ཀྱི་ཡོ་ལང་དག།
དྲན་ཤེས་སྐྱ་རེངས་མཐའ་ནས་འཆར་བ་ཡི།།
རྣམ་རྟོག་ཆོས་སྐུའི་རང་ཞལ་མཇལ་བ་ཤོག།
བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན།།
བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ།།
བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས།།
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།
ཅེས་པ་འདིའང་། ༸རྒྱལ་བ་མདོ་ཁམས་དགུ་པ་ཡིད་བཞིན་ནོར་བུ་མཆོག་ལ་མི་ཕྱེད་པའི་དད་མོས་ལྡན་པ་སྙིང་མིག་ཅེས་འབོད་པས། བྱང་ཨ་རི་ནིའུ་ཡོག་གི་རང་ཁྱིམ་དུ་ཤིན་ཏུ་གོ་སླ་བའི་ཚུལ་དུ་ཐད་ཀར་གསོལ་བ་བཏབ་ཅིང་། རང་གི་བློ་ལ་མི་བརྗེད་པའི་ཆེད་དུ་ཡི་གེར་བཀོད་པ་དགེ་ལེགས་འཕེལ། མཇུག་གི་ཤོ་ལོ་ཀ་འདི་ནི། སོག་པོ་ཨལ་ཐན་ཁཱང་གིས་༸རྒྱལ་མཆོག་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་གདན་ཞུ་བགྱིས་སྐབས། བོད་ཡུལ་ནས་ཕེབས་སྐྱེལ་ཞུ་མཁན་ས་སྐྱོང་བཀྲ་ཤིས་རབ་བརྟན་གྱིས་ཆིབས་ཡུབ་ལ་འཇུས་ཏེ། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །ཅེས་ཚིག་རྐང་གཉིས་འཕྲལ་རྩོམ་ཐོག །མགྲིན་པ་མཆི་མས་བརྣངས་ཏེ་གསུང་རྒྱུ་མ་བྱུང་བས། ༸རྒྱལ་མཆོག་བསོད་ནམས་རྒྱ་མཚོས། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་ཆིབས་ཐོག་རང་ནས་གནང་། འདི་ནི་མཆོད་ཡོན་གཉིས་ཀྱིས་འཕྲལ་དུ་ཐུགས་རྩོམ་མཛད་སྟབས། ཚིག་དོན་ཟབ་ལ་བྱིན་རླབས་ཆེ་བར་གྲགས་པས་དེང་འདིར་མཐའ་རྒྱན་དུ་བཀོད་པ་ལགས་སོ། །ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ལ།
བསམ་ཚུལ་ཕྲིས།