བཀྲ་ཤིས་དོན་འགྲུབ་ཀྱི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 600 བཀླགས་འདུག

རབ་རིབ།

ངའི་ཉེ་འགྲམ་ནས་ཆུ་མོ་གཱངྒ་བཞུར་བཞིན་ཡོད།
ཆུ་མོ་གཱངྒ་བཞུར་ཚུལ་ནི་འདི་འདྲ་ཞིག་སྟེ།
མུན་པ་ཤིན་ཏུ་གནག་པའི་མཚན་མོ་ཞིག་ལ།
མི་ཐམས་ཅད་རྨི་ལམ་རུམ་པའི་སྐབས་སུས་ཀྱང་མི་ཚོར་བར་བྱས་ཏེ།
རྐང་འཇབ་ལག་འཇབ་ཀྱིས་བྲོས་འགྲོ་བའི་རྐུན་མ་དེ་ནང་བཞིན་རེད།
གཏམ་རྒྱུད་ལྟ་བུའི་དཔེ་འདི་ཁྱོད་ཀྱི་ཐུགས་ལ་བབས་མེད་ངེས་རེད།
དེ་བས་ངས་ཁྱོད་ལ་དཔེ་གཞན་ཞིག་གྲ་སྒྲིག་བྱས་ཡོད།
ཆུ་མོ་གཱངྒ་བཞུར་ཚུལ་ནི་འདི་འདྲ་ཞིག་སྟེ།
མུན་པ་ཤིན་ཏུ་གནག་པའི་མཚན་མོ་ཞིག་ལ།
མི་ཐམས་ཅད་ཤིན་ཏུ་སྟུག་པའི་གཉིད་ལ་གཡེང་བཞིན་པའི་སྐབས།
རྐང་འཇབ་ལག་འཇབ་ཏུ་ཡོང་ནས།
སུས་ཀྱང་མི་ཚོར་བར་བྱས་ཏེ་བྲོས་འགྲོ་མཁན་གྱི་རྐུན་མ་དེ་ནང་བཞིན་རེད།
དཔེ་འདི་ཡང་ཁྱོད་ཀྱི་ཐུགས་ལ་འབབ་མི་སྲིད་པ་ངས་ཤེས་ཡོད།
བྱས་ཙང་ཁྱོས་རང་འདོད་ཀྱི་དཔེ་ཞིག་རྟོག་བཟོ་བྱེད་ཆོག

མཚམས་རེར་ངས་གཱངྒའི་གཙང་ཟུར་དུ་བསྡད་ནས།
ཚོར་བ་བན་བུན་གྱི་སྐུད་སྣེ་རྣམས་མཐུད་དེ།
ཚིག་གི་མེ་ཏོག་རེ་རེ་ནས་རྒྱུས་ཏེ་ཁྱོད་ཀྱི་མགུལ་ལ་བསྒྲོན་དགོས་སྙམ་ནའང་།
ཕྱི་རོལ་གྱི་དུད་སྨུག་བན་བུན་འདིི་ཚོས་ངའི་ཚོར་སྣང་གི་ཚབ་བྱས་འགྲོ་བའམ།
ཡང་ན་གཱངྒའི་གཙང་ཟུར་གྱི་འཇིག་རྟེན་དེ་ཚོས་ང་ལ་སྨྲ་བ་མེད་པར་བྱས་འགྲོ་དུས།
ང་རང་སྔར་གྱི་ལམ་གཞུང་དེ་རང་བརྒྱུད་ནས་ལོག་འགྲོ་དགོས་ཐུག་བྱུང་།
ངས་མ་ཎི་ཟློ་བ་ལྟ་བུའི་འཚོ་བ་དེ་རོལ་ནས་ཡུན་རིང་འགོར་སོང་།

ཁྱོད་རང་གླུ་གཞས་ལ་ཐུགས་མཉེས་སམ།
ང་ཡང་གླུ་གཞས་ལ་ཤིན་ཏུ་དགའ།
ང་དགའ་སའི་གླུ་གཞས་ཧ་ཅང་མང་།
འོན་ཀྱང་ངས་གླུ་གཞས་དེ་ཚོར་གཏན་ནས་ཉན་འདོད་མི་འདུག གང་ལྟར་ཉན་འདོད་མི་འདུག
མཚམས་རེར་གནའ་མི་དེ་ཚོ་ནང་བཞིན།
ངས་གཱངྒའི་གཙང་པོ་ལ་ཕྲིན་ཞིག་བསྐུར་དགོས་བསམས་ཀྱང་།
ངའི་ཕྲིན་པ་བསྐུར་ས་དེ་སུ་ཡིན་ཧ་མི་གོ་བའམ།
ཡང་མིན་ན། ང་རང་གཱངྒའི་གཙང་པོ་ལའང་ཡིད་ཆེས་མེད་པ་འདྲ་བས།
ངས་གློ་བུར་དུ་འཆར་གཞི་དེ་མཚམས་འཇོག་བྱས་པ་ཡིན།

ཁྱོས་ང་ལ་གསང་བ་ཞིག་ཡོད་ཤག་བྱེད་པ་ཡིན་ནམ། ཧ་ཧ།
ངས་ཀྱང་ཡོད་ཁུལ་བྱས་ནས་ཡུན་རིང་འགོར་སོང་།

ངས་ཉིན་མཚན་དུས་དྲུག་ལ་རང་ཉིད་ཁང་ཆུང་ཞིག་ཏུ་བཙོན་ལ་བཅུག
བཙོན་པའི་འཚོ་བ་ལ་གོམས་དྲགས་པས།
ངའི་ཉེ་འགྲམ་ནས་གཱངྒ་བཞུར་བཞིན་པ་རྦད་དེ་བརྗེད་ཚར་བཞག
ངས་རང་ཉིད་གཱངྒའི་གཙང་ཟུར་ན་ཡོད་པ་དྲན་གསོ་སློང་ཆེད།
གཱངྒའི་མཚན་ལྗོངས་བྲིས་པའི་རི་མོ་ཞིག་དྲྭ་ཐོག་ནས་ཉོས།
རི་མོ་དེར་ཧ་ཅང་རབ་རིབ་ཡིན་པའི་རི་མོ་གཞན་ཞིག་འདུག
ཞིབ་ཏུ་བལྟས་རྗེས།
རི་མོ་དེ་ནི་ཐ་མག་ནག་པོ་འཐེན་མཁན་གྱི་བཟི་པོ་ཁ་ཤས་ཡིན་པར་ཐག་བཅད།
ངས་ཇི་ཙམ་བལྟས་ནའང་རབ་རིབ་དེ་ལས་མིག་དབང་འདའ་མ་ཐུབ།
ངས་རབ་རིབ་དེར་མིག་ཟུང་ཅེར་ནས་ཡུན་རིང་འགོར་སོང་།

(རྩོམ་འདི་ཀློག་མཁན་མགུ་བའི་ཆེད་དུ་བྲིས་མེད། རྩོམ་འདིས་ཀློག་མཁན་མགུ་ཡི་མེད་པར་ཡིད་ཆེས་བརྟན་པོ་ཡོད། རྒྱུ་མཚན་ནི་བོད་ཡིག་ཀློག་མཁན་ཚོས་འབྲི་ཐབས་རྙིང་པ་ཞིག་བསྐྱར་ཟློས་བྱས་ན་མ་གཏོགས་གོ་བ་མི་ལོན་པས་ཡིན། རྩོམ་འདི་རང་གིས་རང་ལ་བྲིས་པ་ཡིན། སྐད་ཆ་གསར་པ་ཞིག་འཚོལ་ཐབས་བྱས་པ་ཡིན། མཚོན་དོན་གསར་པ་ཞིག་བསྐྲུན་ཐབས་བྱས་པ་ཡིན།)

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *