ལོ་ཟླ་ནག་པོའི་བཙན་ཤེད།
ལོ་ཟླ་ནག་པོའི་བཙན་ཤེད། དིང་སྨྱུག རྣམ་གྲོལ་གླིང་། སྐྱོ་གདུང་དམྱལ་བའི་གྲོང་གི་སྲང་ལམ་དུ།། སྡུག་གི་ངུ་སྐད་གནམ་དུ་ཀེར་ན་ཡང་།། དྭངས་གཙང་མིག་ཆུའི་གཙང་པོ་མ་བཞུད་པའི།། ལོ་ཟླ་ནག་པོའི་ནག་ཉེས་གླེང་ན་འདོད།། དཔྱིད་གསུམ་ངེས་སྲེག་དུས་ཀྱི་སྟོན་མོ་རུ།། མ་ཕྱིས་དགུང་གི་བཞིན་ངོ་ཧ་ཅང་དྭངས།། དྲི་བཞོན་བསིལ་བུའི་མགྲིན་གླུ་རྒྱང་ལ་བུད།། མ་བོས་ཚངས་དབང་སྲས་པོ་མགྲོན་དུ་ཕེབས།། ར་ཞོན་བཙན་པོས་འཁྱོག་འབར་དམར་པོ་སྦར།། ཚ་བའི་མེ་རླབས་བར་སྣང་དབྱིངས་སུ་འཕྱུར།། ཚ་བའི་ཟེགས་མ་སྐྱེ་རྒུའི་ལུས་ལ་ཐིམ།། ཉམ་ཐག་འགའ་རེ་ལྔ་པའི་ལམ་དུ་བརྫངས།། ཚ་གདུང་གཟེར་བོས་སྙིང་ལ་རྨ་ཁ་གཏོད།། རྔུལ་ཆུའི་ཐིག་པས་ལུས་ཀྱི་འབྱུང་བ་དཀྲུགས།། མི་བཟོད་སྡུག་སྐད་འཛེར་བོའི་དབྱར་རྔ་སྟེ།། དཔྱིད་དུས་ལོ་ཟླ་ནག་པོའི་རྣམ་ཐར་ལགས།། སྔོ་ལྗང་གཡུ་ཡི་སྤང་ཐང་ཡངས་མོའི་སྟེང་།། ཁྲ་ཆིལ་སྤང་རྒྱན་མེ་ཏོག་ལང་ཚོ་སྨིན།། རྐང་དྲུག་གཞོན་ནུས་ཕྱོགས་བཞིར་མགྲིན་གླུ་གྱེར།། དབྱར་གསུམ་མཛེས་སྡུག་བཀྲ་བའི་དུས་ཚིགས་སུ།། གནམ་རྒན་མ་ཡི་མིག་ཆུའི་གཙང་པོ་བོར།། ལ་དང་ལུང་པའི་གཞོང་པ་ཤག་སྒྲས་བཀང་།། རབ་མཛེས་ནོར་འཛིན་བུ་མོའི་བཞིན་རས་བཤུས།། བགྲོད་བྱ་སྣུམ་ནག་ཅན་པོའི་ལྟོ་བ་གཤགས།། མེ་ཏོག་སད་ཀྱིས་བཅོམ་དང་གཉིས་མེད་པར།། ཞིང་པ་རྒད་པོའི་རྔུལ་ཁྲག་ལས་གྲུབ་པའི།། རེ་སྒུག་སྟོན་ཀའི་ལོ་ཏོག་དམིགས་མེད་བཟོས།། ཉེས་མེད་ཞིང་ཐང་གྲུ་བཞི་གཅེར་བུར་སྟོན།། ཀུན་གྱི་མིག་ཏུ་འོང་བའི་རྩི་ཤིང་དག། ཤག་སེ་རྦ་རླབས་གཅིག་གིས་མེད་པར་བྱས།། ཨ་ཅེ་འབྲོག་མོའི་བག་ཕེབས་སེམས་ཀྱི་ཁམས།། ལོ་ཟླ་ནག་པོའི་དབྱར་གཞུང་འདི་རུ་འཁྲུགས།། ལུས་ཅན་ཀུན་པོ་སྐྱོ་གདུང་ཀློང་ལ་ཐིམ།། མཆི་རྡོག་མཚོ་མོ་འདྲེན་བྱེད་ཀོང་དུ་སྐམ།། སྙིང་ཆུང་དམར་པོར་གཅོང་གི་ནད་འབུ་འཁོར།། ལོ་ནག་འདི་ཡིས་བཅད་པའི་བཙན་ཁྲིམས་ལགས།།