གངས་དཀར་མེ་ཏོག་འཚོའི་སྙན་ངག་གསར་པ།
རྩོམ་ཡིག་འདི་ཐེངས་ 179 བཀླགས་འདུག
<<སྦྲུམ་མ།>>
ངས་རང་ལུས་ཀྱི་ཤ་ལྤགས་དང་རུས་གོང་ལས་གུར་ཞིག་ཕུབ་ཏེ།
སྙིང་དམར་པོའི་འོག་ཏུ་ཁྱོད་ལ་བཞུགས་ཁྲི་བཤམས།
ད་གཟོད་ངའི་ཤ་ཁྲག་གི་ལུས་པོ་ནི།
ལུས་པོ་མ་ཡིན་ཏེ།
དམ་པའི་ཞལ་ཡས་ཁང་།
ལྷ་སྲས་སམ་ལྷ་སྲས་མ་ཆུང་ཆུང་བཞུགས་པའི་ལྷ་ཁང་།
ངས་ལྷ་ཁང་འདི་ལ་ཉིན་མཚན་མེད་པར་བྱི་དོར་དང་མཆོད་པ་བྱས་ཏེ།
ཁྱོད་འཇིག་རྟེན་འདི་རུ་བདེ་ཐང་ངང་ནས་ཕེབས་ཕྱིར་གསོལ་བ་སྨོན་ལམ་འདེབས།
ད་གཟོད་ངའི་ཤ་ཁྲག་གི་ལུས་པོ་ནི།
ལུས་པོ་མ་ཡིན་ཏེ།
དམ་པའི་སྐྱེད་མོས་ཚལ།
ཚེ་སྲོག་གི་མེ་ཏོག་ཆུང་ཆུང་ཞིག་འབུད་ལ་ཉེ་བའི་ལྡུམ་ར།
ངས་སྐྱེད་མོས་ཚལ་འདི་ལ་ཉིན་མཚན་མེད་པར་བརྩེ་གདུང་གི་གླུ་དབྱངས་ལེན་བཞིན།
ཁྱེད་ཀྱི་འདབ་མ་རེ་རེ་གྲོལ་བར་ངང་སྒུག་བྱས།
ཁྱེད་ཉིད་འཇིག་རྟེན་འདིར་བསུ་ཕྱིར།
མི་རབས་བརྒྱ་ཕྲག་གིས་ང་ལ་ལུས་ཕུང་འདི་སྩལ་བྱུང་།
གཟུགས་མེད་བར་དོའི་འཕྲང་ནས།
ཁྱོད་ལ་མི་ལུས་སྦྱིན་མཁན་ང་ཡིན་མོད།
ངའི་མི་ལུས་ལ་སྙིང་པོ་ཁྱོད་ཀྱིས་བསྐྲུན་བྱུང་།
ད་གཟོད་ངའི་འཇིག་རྟེན་ན་ལྷ་དང་མགོན་དང་རྒྱལ་པོ་ཁྱེད་ཉིད་ཡིན་ཞིང་།
ང་ཡི་ལུས་ངག་ཡིད་གསུམ་ཁྱེད་ཀྱི་འབངས་དང་བློན་དང་ཁོལ་དུ་མཆིའོ།
བསམ་ཚུལ་ཕྲིས།