གཅེར་བུ་པའི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 169 བཀླགས་འདུག

རེ་སྨོན་གྱི་མཁྲེགས་ཚད།

དཔྱིད་ཀའི་སྨུག་པས་རྫི་མར་ཟེིལ་བ་སྨིན།།
ཐག་རིང་ཅེར་དྲགས་མིག་གི་རྒྱང་ཐག་ཆད།།
ཉེ་འགྱངས་བསྡུར་ནས་རི་ཚོགས་གཡོ་འགུལ་བཏང་།།
སྐྱིད་སྡུག་འདི་ཙམ་ཁུར་བར་འཚོ་བ་ཟེར།།
ཆར་རྗེས་གནམ་ས་དྭངས་བའི་མཛེས་སྡུག་གིས།།
ཁྱེད་ཀྱི་མགུར་དུ་ལན་བརྒྱར་འཁྱུད་ན་སྙམ།།
འགྲུལ་བའི་ས་ཚུགས་རེ་རེ་བརྟོལ་རྗེས་སུ།།
རྨི་ལམ་གྲངས་མེད་དབྱར་ཀ་ཁོ་ནར་བཞག།
གནས་མལ་འདི་རང་སྐྱིད་སྙམ་ཞེན་པའི་བློས།།
སྨིག་རྒྱུས་བསླུས་ལྟར་སྐྱེ་བོ་གྲངས་མེད་འཁྲིད།།
སྒེའུ་ཁུང་རེ་རེར་ཡོལ་བ་འདྲ་མིན་རེ།།
ཡོལ་བའི་མཚོན་མདངས་སོ་སོའི་བློ་དང་འདྲེས།།
སྨོན་ཚིག་སྤུངས་པའི་ཤོག་བྱ་སྣ་ཚོགས་ཤིག།
ཤག་གི་ཀླད་ནས་ཡང་ཡང་བཏང་ན་ཡང་།།
སྐུད་སྣེ་གློད་རྗེས་བྱིས་པ་ངུ་བ་ལྟར།།
རེ་འདུན་སྣ་ཚོགས་རྗེས་མེད་བྱ་བཞིན་འཕུར།།
མཛའ་བའི་གཏམ་གློད་གདོང་གི་འཛུམ་གྲོལ་བའི།།
ཡུད་ཀྱི་སྐྱིད་སྣང་ཚེ་ཡི་བཅུད་དུ་སྒོམ།།
འཁྲེང་ཞེན་བར་དོ་སུམ་རྩེག་བརྒལ་བའི་མཐར།།
ད་ལྟའི་བློ་ནི་ཅི་ལའང་ཡིད་རྟོན་བྲལ།།
དེ་ལྟ་མོད་ཀྱང་དཔྱིད་ཀ་འདི་རང་གི།།
ང་རང་ཆར་དང་མེ་ཏོག་སྤང་ལྗོངས་སོགས།།
ཡིད་དུ་འོང་བའི་དཔལ་དུ་གྱུར་ནས་སུ།།
ཚེ་གཅིག་རེ་བས་ཕོངས་པར་མ་གྱུར་ཅིག།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *