ཁ་བའི་སྲས་ཀྱི་ཞར་བཀོད་གསུམ།
རྩོམ་ཡིག་འདི་ཐེངས་ 603 བཀླགས་འདུག
རུས་ཚིགས།
ཁ་བའི་སྲས། (སེ་ར)
ང་དང་ཁྱེད་ཀྱི་འདས་དོན་ལ་ཕྱི་མིག་རེ་འཕངས་ན།
བསམ་ཤེས་དང་བརྩི་བཀུར་བར་གྱི་རི་བོ་ཞིག་གྱེན་དུ་འགྲེང་འོང་།
རི་བོ་དེའི་བར་འཁྱམ་ན།
ཁྱེད་ནི་སུས་ཀྱང་མཚོན་མ་ནུས་པའི་ལྗང་མདོག་གི་ཆུ་ཀླུང་ཞིག
ལོ་ཟླ་གས་མཚམས་ནས་ཆར་རླུང་གིས་བདས་མ་མྱོང་ཕྱིར།
ལོ་ཟླ་དེ་དག་མཛེས་སྡུག་གི་ཟིལ་བ་བཞིན།
ཧ་ཅང་རྙིང་རྒྱུ་མེད་ཅིང་གཡའ་སྐུད་ཀྱི་ན་བུན་འཁྲིགས་མ་མྱོང་།
དེ་བས། ཁྱེད་ནི་བདག་གི་སྐྱེ་བ་འདི་ཡི་སྒལ་བའི་རུས་ཚིགས་ཤིག་ཡིན།
༡/༨/༢༠༡༩
མནའ་ཚིག
དུས་ནམ་ཞིག་ལ།
ཁྱེད་ཀྱིས་མཁའ་ལ་རྒྱུ་བའི་སྤྲིན་པ་ཞིག་ལ་བརྫུས་ཏེ།
ང་ལ་ཕྱིར་ལྟས་ཙམ་ཡང་མེད་པར།
ཆར་པ་གཏོང་ཞོར་དང་འབྲུག་སྐད་ལྡིར་ཞོར།
རི་ལུང་ཐང་གསུམ་བརྒལ་ནས།
མཛེས་ཤིང་སྡུག་པའི་གཏམ་རྒྱུ་རུམ་ནས་འབོར་སྲིད་ཀྱང་།
བདག་གིས་ཁ་ཁུ་སིམ་པོས་ཁྱེད་ཀྱི་རྗེས་སུ།
མུན་པ་དང་ན་ཟུག་མཉམ་དུ་ལྡེག་ནས།
སྟོང་ལྷོང་ལྷོང་གི་སེམས་པ་ཆུང་ཆུང་ཞིག
སྐྱེ་བ་གཅིག་ལ་གོ་མེད་ཚོར་མེད་ངང་ཁྱེད་ལ་འདེག་ཆོག
༢༠༡༩/༨/༢
གླུ་གཞས་ཤིག་མཉན་རྗེས།
གླུ་གཞས་ཀྱི་གསེབ་ན།
ཁོ་བོའི་སེམས་པ་ནི་རབ་རིབ་ཅིག
ཇི་ཙམ་ཕྱིན་ཀྱང་།
གོམ་པ་རེ་རེའི་བར་ནའང་བཤད་མ་ཐུབ་པའི་གདུང་བ་རེ་མངོན།
ཁ་རྡུང་དང་འགྲེལ་ལོག་དེ་དག་གིས།
འཆི་གསོད་ཀྱི་སྐད་ཅིག་མང་དྲགས་པས།
མགྲོན་པོ་ཚོ་ཕེབས་ཤུལ་དུ།
ང་རང་ལྷག་ཡོད་མེད་ཀྱི་བསམ་གཞིགས་ཡང་ཡང་བྱེད།
ཞིབ་འདང་བརྒྱབ་ན།
ཁོ་བོ་ནི་མུན་པའི་ནང་གི་འུག་པ་ཞིག་འདྲ་བོ་འདུག
༢༠༡༩/༧/༢༦
བསམ་ཚུལ་ཕྲིས།