༢༠༡༦ བླ་མ་རུང་།

རྩོམ་ཡིག་འདི་ཐེངས་ 286 བཀླགས་འདུག

༢༠༡༦ བླ་མ་རུང་།

སློབ་དཔོན། ནོར་བུ་བཀྲ་ཤིས། བལ་ཡུལ།

ངེས་དོན་གྱི་བླ་མ་འདི་ཕྱིའི་སྐྱབས་གནས་གྲགས་དཀར་གྱི་སྤྲིངས་ཡིག་ཕྱོགས་ཀུན་སྤུར།།
ཆོས་རྗེ་མཆོག་སྙིང་གི་ཡིད་བཞིན་ནོར་བུ་འཇིགས་པ་མེད་སྟོབས་བཅུའི་དབང་ཕྱུག་ལགས།།
ཕུན་ཚོགས་ཀུན་སྡེ་བཞིའི་འཁོར་གྱི་འབྱུང་གནས་མཚུངས་ཟླ་བྲལ་འདྲེན་པ་ཁྱེད་གཅིག་པུ།།
སྒོ་གསུམ་གྱི་དད་གུས་ལྷ་ཕྱག་འབུལ་བཞིན་གསོལ་འདེབས་ཀྱི་གདུང་དབྱངས་ལན་གཅིག་མིན།།

མདོ་རྒྱུད་སོགས་འཁྲུལ་མེད་ལུང་ཟིན་དམ་པ་མཚོ་སྐྱེས་མཆོག་རྡོ་རྗེ་རོལ་པའི་གར།།
བདག་ཅག་གི་བླ་མ་རིགས་ཀུན་ཁྱབ་བདག་ཡབ་རྗེ་མཆོག་སྨྲ་བའི་ཉི་མ་དེའི།།
འགྲན་བྲལ་གྱི་ཐུགས་བསྐྱེད་གང་གཱའི་རླབས་རིས་ས་ཆེན་འདིའི་རྒྱན་དུ་ཆིལ་ཆིལ་རྩེན།།
བཀའ་དྲིན་ལ་གཞལ་མེད་གཙུག་གི་ནོར་བུ་ཡིད་མཁའ་ན་བསྙེན་གྲངས་སུ་ཞིག་བགྲང་།།

རྩལ་ལྡན་གྱི་རྒོད་པོ་མཁའ་ལམ་ཇི་བཞིན་འདྲེན་པ་མཆོག་མ་བཞུགས་ཞིང་གཞན་གཤེགས།།
རྐང་དྲུག་སྟེ་སྦྲང་མའི་ཁྱུ་ཚོགས་ཇི་བཞིན་མཆེད་ལྕམ་རྣམས་གྱེས་བྲལ་སྐྱོ་སྣང་ཟབ།།
བླ་མ་ཡི་ཐུགས་དགོངས་ཚུལ་བཞིན་སྒྲུབ་མཁས་ཐུགས་སྲས་མཆོག་མཁན་སྤྲུལ་གསེར་རིའི་ཕྲེང་།།
ཆོས་སྡེ་དེར་བཞུགས་པའི་སྐལ་བཟང་དྲན་ཚེ་རེ་ཞིག་ལ་ངལ་གསོའི་དབུགས་དབྱུང་ཐོབ།།

ཁྲི་ཕྲག་གི་སྡེ་བཞིའི་རྒྱུ་སྐར་འཕྲེང་མཛེས་སྐྱོན་བྲལ་མཆོག་པད་མ་རྣམ་པར་དཀར།།
ཟླུམ་གཟུགས་ཀྱི་གླིང་ལྔའི་ས་ཆེན་ཡངས་པོར་གྲགས་སྙན་འབུམ་དབྱར་སྐྱེས་རྔ་སྒྲ་ལྡིར།།
གངས་ལྗོངས་སུ་རྒྱལ་བསྟན་མུ་ཏིག་འཁྲི་ཤིང་གསེར་ལྡན་གྱི་སྒེག་མོའི་ཕང་བར་ལྡེམ།།
མཁས་བཙུན་དང་བཟང་གསུམ་གྲུབ་རིགས་ཀྱིས་གཏམས་བླ་རུང་གི་ཆོས་སྡེ་ཆེན་མོ་དྲན།།

ཕྲན་ཆུང་ངའི་མིག་ཟུང་ཅེར་གྱིས་བལྟ་ས་ཐོས་འཛིན་གྱི་བུ་ག་ཞིང་དེར་བླགས།།
ཕྱིར་དྲན་གྱི་ཨ་ལོང་ཡང་ཡང་འཁྱུད་བཞིན་བག་ཆགས་ཀྱི་མཚོ་མོ་སྙིང་ལ་བསྐྱིལ།།
དཔོན་སློབ་ཀུན་ཞལ་འཛོམས་དྲན་ཐེངས་རེ་ལ་དགའ་བ་དང་སྐྱོ་བའི་གླུ་ཆུང་གྱེར།།
སྙིང་དབུས་སུ་དཀྱིལ་འཁོར་ཉིན་རེར་བསྐྲུན་པ་ལྔ་རིག་གི་ནང་བསྟན་སློབ་གླིང་མཆོག།

ངུར་སྨྲིག་གི་ཁྲིམས་འཆང་ལུགས་གཉིས་མངའ་བ་མདོ་དབུས་དང་ཁམས་ཀྱི་དབྱེ་འབྱེད་མེད།།
སྒྲུབ་བརྒྱུད་ཀྱི་ཤིང་རྟ་བསྟན་པ་ཡོངས་ལ་དག་སྣང་གི་ནོར་བུའི་མཛེས་རྒྱན་སྤྲས།།
ལྷ་བབས་ཀྱི་མེ་ཏོག་གང་ལ་ཕོག་པ་མཚོ་སྐྱེས་མཆོག་རྡོ་རྗེའི་ཐུགས་བཅུད་གཏམས།།
གནའ་དེང་གི་ཤེས་བྱའི་སྐྱེད་ཚལ་སྐྲུན་མཁས་གསེར་ལུང་སྟེ་འདབ་དྲུག་ཁ་བའི་ཞིང་།།

མི་ཡུལ་གྱི་དག་ཞིང་ལྷ་ཡུལ་འགྲན་པ་བླ་མ་མཆོག་བཞུགས་གནས་བླ་མ་རུང་།།
འབུམ་ཤོང་གི་ལྕགས་རི་ཀུན་དགའ་ར་བར་ཁྲི་ཕྲག་གི་དགེ་འདུན་བྱུར་བུར་གཏམས།།
འཇའ་སྤྲིན་གྱི་གུར་ཁང་མཛེས་སྡུག་ཀློང་ན་ཕྱོགས་བཞི་རུ་དབེན་ཁྲོད་ཡིད་དུ་འོང་།།
སྐལ་བཟང་གི་དུས་སྟོན་སྨོན་ལམ་ལ་ཁར་བླ་སློབ་ཀུན་དགྱེས་འཛོམས་བཞད་སྒྲ་སྙན།།

འཆད་རྩོད་དང་རྩོམ་པའི་ལས་ཀྱིས་བྲེལ་ཞིང་ཐོས་བསམ་སྒོམ་ཡིད་འོང་མེ་ཏོག་འཁྲུངས།།
བསྟན་འགྲོ་ལ་སྨན་པའི་འོད་དཀར་འགྱེད་བཞིན་འཛམ་གླིང་གི་རྩེ་ན་གྲགས་སྙན་འབར།།
ལུང་རྟོགས་ཀྱི་བདུད་རྩིའི་ལྷ་ཆབ་བྲན་བཞིན་ཉམ་ཆུང་གི་མགོན་དཔུང་ཁ་ཙམ་མིན།།
མི་རིགས་ཀྱི་ལར་ཞེན་ལྷག་ཏུ་ཟབ་ཅིང་སྤྱི་ཚོགས་ཀྱི་ལམ་སྟོན་སྒྲོན་མེར་གྱུར།།

དཀར་གསལ་གྱི་ཉི་ཟླའི་དཀྱིལ་འཁོར་མཛེས་ཀྱང་མི་བསྲུན་པའི་གཟའ་བདུད་དུག་རླངས་འཕྱོ།།
ཀུན་གསལ་ཞེས་ནམ་མཁའི་མཐའ་རྒྱ་ཆེ་ཡང་རྒྱུ་སྐར་གྱི་ཚོམ་བུ་ཕྱོགས་ཀུན་བཀྲམ།།
བཅུ་ཕྲག་གི་འོ་མའི་མཚོ་ཆེན་བསྐྱིལ་ཀྱང་རྡུལ་འཚུབ་ཀྱི་རྙོག་མས་ཀུན་ཏུ་གཙེས།།
བཟོད་དཀའ་བའི་ལྕགས་སྒྲོག་དམ་པོར་བཙུད་པ་འཛམ་གླིང་གི་ཤེས་ལྡན་སུས་མ་མཐོང་།།

དམར་དམག་གི་དཔུང་ཚོགས་ཀུན་ཏུ་རྒྱུ་ཞིང་འཇིགས་རྔམ་འབུམ་ངོམ་པའི་བཙན་ཤེད་འོག།
ཉམ་ཆུང་གི་ཚེ་སྲོག་ཁབ་ལས་ཕྲ་ཡང་དགེ་སྦྱོང་གི་ཆོས་བཞིའི་ཁྲབ་རྨོག་གྱོན།།
གླེགས་བམ་གྱིས་གང་བའི་ཁང་ཆུང་གྲུ་བཞི་རང་མལ་དང་བཅས་པ་ཧྲིལ་གྱིས་བཅོམ།།
ཀྱེ་མ་ཧུད་སྐྱོ་བའི་ཤུགས་རིང་འཐེན་བཞིན་ཁེར་རྐྱང་གི་མིག་ཆུའི་ཕྲེང་བ་བསྟར།།

བསམ་ངན་དང་སྦྱོར་རྩུབ་ཀླ་ཀློའི་ཆོ་འཕྲུལ་དྲག་རླུང་བཞིན་འཚུབས་པའི་ངང་ཚུལ་འདི།།
མིག་ལམ་དུ་བསྟན་ཅིང་རྣ་བར་རབ་གཟན་སེམས་གཏིང་གི་རྨ་ཁ་ལྕི་ན་ཡང་།།
ཕ་རྒོད་ཀྱི་བླ་མའི་བཀའ་ཆེམས་དྲན་བཞིན་ཐོས་སྒོམ་དང་བསམ་པའི་དོན་ལ་གཞོལ།།
མཆེད་ལྕམ་ཀུན་ཐུགས་དམ་སྔར་ལས་ཟབ་ཀྱིན་བཟོད་སྒོམ་གྱི་གོ་ཆ་ཤིན་ཏུ་བརྟན།།

ལན་ཅིག་ཙམ་མིན་པར་གཤིན་རྗེའི་བཀའ་ལྟར་ཡ་མེད་ཀྱི་ཁྲིམས་འདིས་མནར་གྲངས་མངས།།
ཉམས་དགའ་བ་ཤིང་ཁང་གྲུ་བཞིའི་སྡོད་གནས་བྲག་རི་ལྟར་གནམ་ལྕགས་ཐོག་གིས་བསྙིལ།།
ཉམ་ཆུང་ཚོགས་ལུ་གུའི་བརྟུལ་ཞུགས་བཟུང་སྟེ་དཀོན་མཆོག་གསུམ་བླ་མའི་ཐུགས་རྒྱུད་བསྐུལ།།
སྡེ་བཞི་ཡི་འཁོར་ཚོགས་སེམས་ལ་འཁྲེན་བཞིན་མཆེད་ལྕམ་འགའ་གཤིན་ལམ་སྐྱ་མོར་དྲངས།།

ཆབ་སྲིད་ཀྱི་ནོར་འཁྲུལ་སྤུ་ཙམ་མེད་ཀྱང་ཁྲིམས་མཐུན་འོག་སྡོད་པའི་དབང་ཆ་འཕྲོག།
ཆོས་ལུགས་ལ་དད་མོས་ཡོད་ཅེས་བསྒྲགས་ཀྱང་མངོན་སུམ་དུ་བཀག་འགོག་སུ་ཡིས་བྱས།།
ལེགས་བཅོས་ཞེས་གཏམ་སྙན་འཛམ་གླིང་སྒྲོག་བཞིན་མི་ལེགས་པའི་བྱ་ངན་སྣ་དགུ་སྤེལ།།
ཉམ་ཆུང་གི་གྲྭ་བཙུན་མགོན་མེད་འདི་དག་ལུག་ཁྱུ་བཞིན་ཕྱོགས་ཀུན་གཏོར་ལ་ལྟོས།།

མི་རིགས་ཀྱི་ཐོབ་ཐང་ཡོད་པ་བདེན་ན་རང་གནས་སུ་རང་དབང་ཅིས་མི་སྤྲོད།།
གཉའ་གནོན་འོག་སྙིང་ཁམས་ཚེར་མས་དཀྲུག་གིན་བདེན་དོན་ལ་མགོ་བོ་རྟག་ཏུ་དུད།།
མཐར་ཐུག་གི་རྒྱལ་ཁ་སུ་ལ་ཡོད་མེད་བློ་ལྡན་རྣམས་ཐུགས་ལ་ཝ་ལེར་གསལ།།
ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་མེད་ཕྱིར་དྲག་གནོན་གྱི་ལས་འདི་བཟོད་ཐབས་དབེན།།

ས་ཆེན་འདི་གཡོ་བ་ལན་གཅིག་མིན་ཡང་དུས་བཞི་ཡི་མཛེས་སྡུག་རིམ་གྱིས་མངོན།།
ཆུ་འཛིན་གྱི་ཕང་ཕུང་ལྷབ་ལྷུབ་འཁྲིགས་ཀྱང་དྭངས་གསལ་གྱི་ཉི་ཟླ་སྔར་ལས་མཛེས།།
ནག་ཕྱོགས་ཀྱི་སྡེ་ཚོགས་བསམ་སྦྱོར་རྩུབ་ཀྱང་མཆོག་གསུམ་གྱི་བདེན་མཐུ་བསླུ་བ་མེད།།
མཆེད་ལྕམ་དག་སྐྱོ་བའི་ཐུགས་སུན་མ་གནང་དྲང་བདེན་གྱི་རྒྱལ་ཁ་མེད་མི་སྲིད།།

སྨོན་ལོག་དང་དམ་སྲིའི་ཆོ་འཕྲུལ་ཡིན་ནམ་མི་ངན་ཚོའི་ཕྲག་དོག་རླུང་དམར་ལྡངས།།
ངན་དགུ་ཡི་དྲག་ཆར་ཇི་ལྟར་རྒོད་ཀྱང་བཟོད་བསྲན་གྱི་རྒྱལ་མཚན་དེ་ལྟར་འཕྱར།།
ཇུས་ངན་གྱི་བསམ་སྦྱོར་མཚོན་ཆས་འབིགས་ཀྱང་ཐབས་མཁས་ཀྱི་མཛད་སྤྱོད་དེ་ལས་རྣོ།།
ཨེ་མ་ཧོ་བླ་རུང་ཆོས་གྲྭ་ཆེན་མོ་བསྟན་འགྲོ་ཡི་དཔལ་དུ་བསྐལ་བརྒྱར་བརྟན།།

འཁྱམ་པོ་ང་ངེས་མེད་ས་མཐར་འགྲིམས་ཀྱང་སེམས་གཏིང་གི་གཏད་སོ་བླ་མ་རུང་།།
རྟོག་འགྱུ་ཡི་རི་མོ་སྣ་ཚོགས་སྲིད་ཀྱང་དཀྱུས་རིང་གི་ཟུར་མིག་གནས་དེར་ཕྱོགས།།
ནག་ཕྱོགས་ཀྱི་ཉེར་འཚེ་མདུན་དུ་མཐོང་ཕྱིར་སྙིང་གསེང་གི་རྨ་ཁ་སོས་ཐབས་བྲལ།
གྱེས་བྲལ་གྱི་ལྷགས་རླུང་སྙིང་ལ་ཟུག་ཀྱང་བརྙན་པར་འགས་རང་སེམས་ངལ་གསོ་སྟེར།།

ཕྱིར་དྲན་གྱི་མེ་ལོང་དངུལ་ཞུན་དྭངས་མར་བཅོས་མིན་གྱི་སྣང་བརྙན་འགོག་མེད་ཤར།།
བླ་མ་དང་མཆེད་ལྕམ་དྲན་པའི་གདུང་དབྱངས་བལ་ཡུལ་གྱི་རྒྱལ་སའི་མཐིལ་ནས་བྲིས།།
སྙན་ཚིག་གི་གཞུང་ལ་སྦྱངས་པ་དམན་ཡང་ཐོལ་བྱུང་གི་ངག་རིག་མེ་ཏོག་བཞད།།
རྟོག་འགྱུ་ཡི་ཕ་མཐའ་བརྒལ་བར་དཀའ་ཕྱིར་བཞི་ཤད་ཀྱི་རི་མོ་འདི་ནས་འཐེན།།

སྤྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༠

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *