གངས་གྲོང་དྲན་པའི་དབྱངས་རྟ།

རྩོམ་ཡིག་འདི་ཐེངས་ 289 བཀླགས་འདུག

གངས་གྲོང་དྲན་པའི་དབྱངས་རྟ།

སློབ་དཔོན། ཚུལ་ཁྲིམས་ཟླ་བ། རྣམ་གྲོལ་གླིང་།

གངས་དཀར་ལྷུན་པོའི་རི་གྲོང་ན། །གནའ་བོའི་མེས་པོའི་མཚན་སྙན་འབར།།
རྨིག་སྒྲའི་གསེང་གི་དཔའ་སྐད་ཀྱང་། །ད་ལྟ་རྒྱ་མཚོའི་ངོགས་ནས་གྲགས།།

ཡར་ཀླུངས་རི་བོའི་དབུ་རྩེ་ནས། །མེས་པོའི་ཕོ་བྲང་གནམ་ལ་འགྱིང་།།
གླུ་རུ་བཞེངས་པའི་གཙང་པོ་ཡང་། །ལང་ལོང་གཡོ་ཞིང་དགུང་ལ་འཕྱུར།།

རྒྱལ་ཁམས་འགྲིམ་པའི་འགྲུལ་པ་ཚོས། །སེམས་པ་རློན་པ་ཟས་ལ་རོལ།།
རྗེས་ཡོང་དཔའ་བོའི་ལ་ཐོད་དུ། །སྙིང་སྟོབས་སྟོང་གི་རི་མོ་བཀོད།།

རྩེ་མཐོ་གངས་ཀྱི་རྩེ་མོ་ན། །སྤྲིན་དཀར་ཅོད་པན་གཅིག་ཏུ་མཛེས།།
སྒྲོན་མེའི་མེ་ཏོག་ཡོམ་ཡོམ་དུ། །ཡར་འབྲོག་གཡུ་མཚོའི་རླབས་ལ་འགུལ།།

རྟ་དྲེལ་ཁལ་པ་དུམ་དུམ་འགྲོས། །གཙང་པོ་བཅད་ཅིང་རི་བོ་བརྫིས།།
རྒྱང་གླུ་སྙན་མོ་སིང་སིང་གྲག །སྤང་ཐང་གཤག་ཅིང་མེ་ཏོག་བཏུས།།

ཟླ་འོད་འོག་ནས་གནའ་གཏམ་གླེང་། །བསྐལ་པའི་འགོ་མོར་སེམས་ཀྱིས་འགྲོ།།
བརྩེ་འདང་ལག་པ་དམ་དུ་བཅངས། །རྫོགས་མཐའ་མེད་པའི་མུ་ཁྱུད་བྲིས།།

ཇོ་མོ་གླང་རིའི་ཕ་རོལ་ཏུ། །གནའ་བོའི་མེས་པོས་དཔའ་དམ་བཙུགས།།
རྒྱང་བཞུད་འབྲི་ཆུའི་གཙང་འགྲམ་ནས། །སྲ་མཁྲེགས་ལྕགས་ཀྱི་དར་ཐག་འཐེན།།
ང་ཡི་མེས་པོ་གླུ་ལ་དགའ། །ཆང་ཕོར་འདྲེན་བཞིན་གླུ་དབྱངས་གྱེར།།
ང་ཡི་མེས་པོ་བྲོ་ལ་དུང་། །མེ་ཕུང་ངོགས་སུ་སྐོར་བྲོ་འཁྲབ།།

རི་བོའི་མགོ་ནས་བསང་དུད་འཕྱུར། །རྟ་ཕོའི་རྨིག་སྒྲ་ཕྱོགས་བཞིར་བསྐྱལ།།
གངས་དང་ཁ་བའི་ཕ་ས་རུ། །སྦྲ་ནག་གྲུ་བཞིའི་ཆོན་ཐག་བརྒྱངས།།

གཏམ་རྒྱུད་དུ་མའི་ཁུག་སོ་འགའ། །དཀར་གཙང་དུང་གི་མདངས་ལ་འགྲན།།
ལོ་རྒྱུས་རིང་མོའི་ཤོག་ལྷེ་འགའ། །དམར་མོ་ཁྲག་གི་མདོག་ཏུ་གྱུར།།

གངས་རླུང་འཚུབ་པའི་ཉག་ཀ་ན། །འབྲི་ཆུ་འཕྱུར་བའི་རོང་འགག་ན།།
གཞོབ་དྲི་བྲོ་བའི་སུམ་མདོ་ན། །མེས་པོས་སྲོག་གི་རྡོ་རིང་བཞེངས།།

མེས་པོའི་མཁར་གྲོང་འཚུབ་མས་གཡོགས། །ང་ཚོའི་མིག་ཆུ་གཙང་པོར་འདྲེས།།
གཙང་པོར་འདྲེས་ཤིང་རྒྱ་མཚོར་འབབ། །འབབ་ཀྱིན་འབབ་ཀྱིན་ད་དུང་བཞུར།།

རི་བོ་གྲུ་འཛིན་སྤྲིན་པས་བཏུམ། །རྒྱལ་མོ་རྔུལ་ཆུས་སྐྱོ་གླུ་ལེན།།
བྲག་ལ་ཀེར་བའི་ཕོ་བྲང་ཡང་། །ངུ་མ་དགོད་ཀྱིས་དགུང་ལ་འགྲེང་།།

རྣམ་ཤེས་སྟོང་གི་ཐག་སྣེ་ལ། །དུར་སའི་བརྗེད་བྱང་ཁྲག་གིས་བྲིས།།
གདོང་དམར་གདོང་པ་ཇེ་དམར་གྱུར། །དམར་བཞིན་དམར་མོ་མེ་ལ་གྱུར།།

ང་དང་གངས་རི་རྒྱང་ཐག་རིང་། །ལེ་དབར་སྟོང་གིས་བར་དུ་ཆོད།།
གངས་ལ་ཐིམ་པའི་རྣམ་ཤེས་འདིས། །གངས་གྲོང་དྲན་པའི་སྐྱོ་བ་འཐེན།།
༢༠༡༦-༦-༢༢

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *