མཚན་མོར་འགུལ་བ།

རྩོམ་ཡིག་འདི་ཐེངས་ 296 བཀླགས་འདུག

མཚན་མོར་འགུལ་བ།

སློབ་དཔོན་དགའ་དགའ། རྣམ་གྲོལ་གླིང་།

སྤྲིན་གྱི་གསེབ་ཏུ་སྐར་མའི་ལན་བུ་བསླས།།
སྨུག་པའི་ཀློང་ན་སྡེར་ཆགས་ཐར་ཐོར་བྱིང་།།
ལུང་པའི་མདའ་རུ་རྟ་ཕོ་ཆུ་འཐུང་རྒྱུག།
འཚེར་སྐད་ལྷང་ལྷང་སྐྱོ་བ་དབྱངས་དང་འདྲེས།།

སྒྲོན་མེས་སྲིད་པ་སྒུལ་བའི་སྨག་རུམ་ཁྲོད།།
རྩྭ་མགོའི་ཟིལ་པ་ཁུར་བའི་གླུ་ལ་ཉན།།
ཆང་གིས་བཟི་ཁ་བཙན་པའི་ནམ་གུང་དུ།།
ཡིད་ཀྱིས་སྨོན་པ་ཨེན་ཙམ་ཡ་ཐོད་འབྲི།།

དྲན་པ་རྒྱང་འགྲོ་ཡིན་པའི་གནམ་མཐའ་ན།།
ཟླ་བ་རུམ་པའི་ལྷ་སྒྲུང་ཆག་རོ་ཙམ།།
འཇག་མའི་ཤུགས་གླུ་མུན་པའི་ནགས་སུ་བཏེགས།།
འོད་ཀྱི་ཐིག་ལེ་སྙིང་གི་དབུས་ནས་ཡལ།།

ལྷ་ཁྲིམས་ཕོག་པའི་མདུན་ལམ་གྱ་གྱུ་ནས།།
འཁྲུལ་སྣང་སྒྱུ་མར་བརྫུས་པའི་ཇོ་ཇོ་དེ།།
རྨི་ལམ་ཐན་ཐུན་ཞིག་གི་མགྲོན་པོ་བྱེད།།
ཡད་ཡུད་ཙམ་ལ་མཁའ་ཡི་པད་མོ་འདྲ།།

སེམས་ཀྱི་ཕོ་ལོང་རྡེབ་པའི་ས་སྲོད་དུ།།
སྡོང་ལོ་ཉིལ་བའི་ཁུ་ཚུར་ང་ལ་བསྣུན།།
བ་སྤུའི་རྩེ་ནས་ལུས་ཟུང་སྦྲིད་པ་མོ།།
གཡའ་ཆུ་བདུད་རྩིའི་མཆོད་པ་དེ་ན་འབུལ།།

རྣམ་ཤེས་ལྷག་མ་ཨག་དམ་ཞིག་ལ་གླན།།
དྲན་པའི་རྨུ་ཐག་མུན་པའི་གཟེར་དུ་ཁེན།།
ཤ་དང་རུས་པ་མུར་བའི་བན་དེ་ཚོ།།
འཚོ་ཚིས་ཆོས་སུ་བྱེད་པ་འུར་འུར་ཙམ།།

རྩེག་པའི་གླེགས་བམ་ངུ་སྙིང་འདོད་པ་ལ།།
འོད་ཀྱིས་ཟློས་གར་འཁྲབ་པའི་གྱང་ངོས་སུ།།
ཡིག་འབྲུ་མོད་པོ་རྡོག་པའི་བར་ན་བཙིར།།
སྙན་ངག་སྒེག་མོས་ད་དུང་ཅི་ཞིག་འཚོལ།།

ཟླ་བ་རུམ་པའི་མཚན་གཞུང་མག་མོག་ཏུ།།
རབས་ཆད་བུད་མེད་སྒྲེན་མོའི་བྲང་གཞུང་ན།།
འཆར་ཡན་སྟོང་བསམ་ཞིག་གི་བསླུ་བྲིད་འོག།
འཆི་བར་སྒོམ་བཞིན་སྐྱེ་བ་ལེན་ལ་བྲེལ།།

མི་བརྟན་འཁོར་བའི་སྲེད་པས་གདུང་བ་ན།།
ཀུན་གཞིའི་མྱ་ངམ་ཐང་དུ་བླ་འབོད་བྱེད།།
མགོ་ཐོག་ལྷུང་བའི་མི་སེམས་རློན་པ་ཞིག།
རེ་མཐའ་རྫོགས་པའི་འཇིག་རྟེན་མ་ཡིན་ཨང་།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *