ཡོང་ཕྱིར་དགོས། དགོས་ཕྱིར་ཤོག
རྩོམ་ཡིག་འདི་ཐེངས་ 276 བཀླགས་འདུག
ཡོང་ཕྱིར་དགོས། དགོས་ཕྱིར་ཤོག
སློབ་དཔོན་ཚུལ་ཁྲིམས་ནོར་བུ། རྣམ་གྲོལ་གླིང་།
རང་བྱུང་ཡུལ་ལྗོངས་ཀྱི་ས་ཁད་གཤགས་ནས་ཡོང་།།
ཆུ་ཆེན་འགྲོ་ལམ་གྱི་བཞི་མདོ་བཀག་ནས་ཡོང་།།
མུ་མེད་རྩྭ་ཐང་གི་བྱང་ཁོག་བགོས་ནས་ཡོང་།།
དཔའ་ཞིག་ཡོད་དགོས་སོ་ཡར་ལ་ལངས་ནས་ཤོག།
གཏེར་སྣ་མང་མང་པོ་འཕྲུལ་གྱིས་གཤོལ་ནས་ཡོང་།།
ཤིང་སྣ་མང་མང་པོ་སྟ་གྲིས་བཏུབས་ནས་ཡོང་།།
རི་སྣ་མང་མང་པོ་གཏིང་འོག་བརྗེས་ནས་ཡོང་།།
གདོང་ཞིག་ལེན་དགོས་སོ་རྒྱལ་ཁ་བླངས་ནས་ཤོག།
བསྣོལ་ཟམ་དགུ་མདུད་ཀྱི་རི་མོ་ཕབ་ནས་ཡོང་།།
ཐོག་བརྩེགས་བརྒྱ་ཅན་གྱི་གྲངས་ཁ་བརྩིས་ནས་ཡོང་།།
འཁོར་རིགས་ཁྲི་འབུམ་གྱི་འཚང་ཁ་བརྡོལ་ནས་ཡོང་།།
ཚོད་ཅིག་ཡོད་དགོས་སོ་གྲོས་འགོ་བསླངས་ནས་ཤོག།
རྫས་འདེལ་མང་མང་གིས་འགས་གཏོར་བྱས་ནས་ཡོང་།།
བཟོ་གྲྭ་མང་མང་གིས་དུག་རླངས་ཤོར་ནས་ཡོང་།།
འཛུགས་བསྐྲུན་མང་མང་གིས་ཁོར་ཡུག་གཏོར་ནས་ཡོང་།།
སྔུན་ཞིག་འགོག་དགོས་སོ་གཤོག་པ་ཐོགས་ནས་ཤོག།
དབང་ཆེན་ཤེད་ཆེན་ཚོས་རྒྱ་མཚོ་བརྩད་ནས་ཡོང་།།
སྟོབས་ཆེན་རྒྱུ་ཆེན་ཚོས་ས་སྟེང་ཉོས་ནས་ཡོང་།།
བླ་ཆེན་དཔོན་ཆེན་ཚོས་བཞུགས་ས་བརྗེས་ནས་ཡོང་།།
གཏམ་ཞིག་བཤད་དགོས་སོ་གསལ་འདེབས་བྱས་ནས་ཤོག།
གངས་ཀྱི་འདབ་མ་ཡི་ཟུངས་ཁྲག་བཞུར་ནས་ཡོང་།།
སྔོ་ལྗངས་སྤང་ཁུད་ཀྱི་གདོང་པགས་རལ་ནས་ཡོང་།།
མཚོ་དང་མཚེ་འུ་ཡི་ཡ་ཁོག་བསྐམས་ནས་ཡོང་།།
ལམ་ཞིག་སྟོན་དགོས་སོ་མགོན་དུ་ཕེབས་ནས་ཤོག།
འགྱིག་ཤོག་རལ་པོ་རེ་ནམ་མཁར་འཕུར་ནས་ཡོང་།།
ཤེལ་དུམ་ཆག་ཐོ་རེ་ས་རྡོར་འདྲེས་ནས་ཡོང་།།
གློག་སྐུད་ཆད་འཕྲོ་རེ་གྱང་ཁར་འཛིངས་ནས་ཡོང་།།
ཐབས་ཤིག་འཚོལ་དགོས་སོ་རྒྱལ་ཁམས་བསྐོར་ནས་ཤོག།
དྲག་ཆར་འདྲེས་མ་དེས་ནམ་ཟླ་བསྐྱལ་ནས་ཡོང་།།
ཐལ་རླུང་འཚུབ་མ་དེས་སྣང་བ་བསྒྲིབས་ནས་ཡོང་།།
མུན་ནག་སྟུག་པོ་དེས་ས་ཆེན་བཀབ་ནས་ཡོང་།།
འོད་ཅིག་འགྱེད་དགོས་སོ་ཉི་ཟླ་བསུས་ནས་ཤོག།
རྒྱ་མཚོ་ཆེན་པོ་ཞིག་ལྷོག་ལྷོག་འཕྱུར་ནས་ཡོང་།།
རི་བོ་མཐོན་པོ་ཞིག་ཡོམ་ཡོམ་འགུལ་ནས་ཡོང་།།
མེ་ལྕེ་དྲག་པོ་ཞིག་ལྷབ་ལྷབ་མཆེད་ནས་ཡོང་།།
སྐྱབས་ཤིག་བཅོལ་དགོས་སོ་ཐུགས་རྗེས་གཟིགས་ནས་ཤོག།
ཐང་དཀར་རྒོད་པོ་ཡི་གཤོག་རྩལ་འཛོམས་མཁན་ཚོ།།
ང་ཚོ་འཚོ་དགོས་པས་ཁོར་ཡུག་སྲུང་སྐྱོབ་བྱོས།།
ཐོ་རངས་སྐར་ཆེན་གྱི་འཛུམ་བག་ཁུར་མཁན་ཚོ།།
ང་ཚོ་གསོན་དགོས་པས་གོ་ལ་གཅེས་སྐྱོང་བྱོས།།
༢༠༡༦-༨-༣༡ དགོང་མོར་ཕུལ།
བསམ་ཚུལ་ཕྲིས།