ཐོས་པ་དགའ། 

རྩོམ་ཡིག་འདི་ཐེངས་ 346 བཀླགས་འདུག

ཐོས་པ་དགའ།

སྤྲུལ་འཆི་མེད་ཚེ་དབང་། རྣམ་གྲོལ་གླིང་།

ཕྱུག་པོའི་བུ་རུ་སྐྱེས་ཀྱང་དབུལ་པོས་འཚོ་བའི།།
མང་ཡུལ་གངས་རིའི་འདབས་ཀྱི་གུང་ཐང་མི་ལ།།
ལུས་སེམས་རིད་ནས་རིད་དེ་ལྷག་མེད་སོང་བའི།།
སྙན་འཇེབས་རྣམ་ཐར་རིང་མོ་ད་དུང་ལྷག་འདུག།

མ་རྒན་སྙིང་སྟོབས་ཅན་མོས་ངར་ཆུ་བླུད་བླུད།།
བུ་ཕྲུག་སྲི་ཞུ་ཅན་དེས་བརྩོན་པས་འབུངས་འབུངས།།
གཙང་རོང་གནུབས་ཀྱི་སྔགས་རྒན་དཔུང་དུ་བསུས་ནས།།
ཉེ་བ་དགྲ་རུ་ལངས་པའི་ལྟས་ངན་བཟློག་གོ།

ཡུལ་མི་རང་གཤེད་བབས་པའི་དམག་དཔུང་དེ་ཚོ།།
ཁྱེད་རང་ཆོས་ལ་འཇུག་པའི་བཀའ་དྲིན་ཅན་ཡིན།།
སྲོག་ལ་སྐྲག་ནས་ཁྱིམ་ལས་རིང་དུ་བྲོས་པ།།
འཁོར་བར་བྱོལ་བའི་ཐོག་མའི་སྟ་གོན་མིན་ནམ།།

སྡུག་ནས་སྡུག་གིས་ཕུད་པའི་ཕ་ཡུལ་དེ་དང་།།
ཁྱད་གསོད་སྣ་གཉེར་ཆགས་པའི་ཁྱིམ་མཚེས་དེ་དག།
རྒྱང་ཐག་ཇེ་རིང་སོང་བ་སྐྱིད་ཅིག་ཡིན་མོད།།
ད་དུང་སུ་ཞིག་ཕྱིར་མིག་ཡུལ་དུ་ལུས་ཡོད།།
མ་རྒན་གོས་རུལ་ཅན་དེ་སེམས་ལ་འཕྲེང་བཞིན།།
སྲིང་མོ་སྣབས་འཛར་ཅན་ལ་སྙིང་རྗེ་སྐྱེ་བཞིན།།
ཆུང་གྲོགས་ཞེ་འདང་ཅན་དེ་ཡིད་ལ་འཁོར་བཞིན།།
མིག་ཆུ་སེམས་ལ་ལྷུང་གིན་རང་ཡུལ་བསྐྱུར་འདུག།

རྐང་རྗེས་ཤར་ལ་ཕབ་པའི་ཤུལ་ལམ་རིང་མོ།།
ལྷོ་བྲག་གྲོ་བོ་ལུང་ལ་ལྷམ་མེར་མཐུད་ཀྱང་།།
ལག་པ་སྟོང་པ་ཡིན་པའི་སོར་བཅུའི་ཐལ་མོས།།
སྒྲ་སྒྱུར་ཆེན་པོའི་ཐུགས་དམ་ག་ལ་ཁེངས་སྲིད།།

མཐའ་མའི་གདམ་ཁ་རང་ལུས་བྲན་དུ་བཀོལ་ཀྱང་།།
རྡུང་རྡེག་ཚིག་མཚོན་མང་པོས་ལུས་སེམས་རྨས་པས།།
ཉེ་དུ་གང་ཡང་མེད་པའི་གཞན་ཡུལ་དེ་ན།།
ཁེར་རྐྱང་རྩིག་པར་ཁེན་ནས་མིག་ཆུ་བཞུར་ཡོད།།

བདག་མོ་སྙིང་རྗེ་ཅན་དེའི་བྱམས་སྐྱོང་འོག་ཏུ།།
ལུས་སེམས་ངལ་བའི་སྟེགས་བུ་ཡུད་ཙམ་རག་ཀྱང་།།
དབང་ཆ་གང་ཡང་མེད་པའི་བདག་མེད་མོ་ལ།།
ཅི་ཞིག་བྱེད་པའི་ནུས་པ་ཤིན་ཏུ་ཕྲ་ཨང་།།

འུ་ཐུག་བྱ་ཐབས་ཟད་པའི་མཐའ་མའི་རེ་བ།།
འཇིག་རྟེན་གཞན་ལ་མ་གཏོགས་ལམ་ཁ་མེད་ཀྱང་།།
གཞུང་པ་རྔོག་སྟོན་བླ་མའི་ལྡེམ་པོ་གསུང་གིས།།
དོགས་པའི་ཁ་སྣོན་བརྒྱབ་ནས་ཕྱིར་བཤོལ་བྱས་སྐད།།

སྡུག་རུས་སྲོག་ཤིང་བྱས་པའི་སྙིང་ཤ་མཁྲེགས་པོས།།
བླ་མ་ཕོད་པ་ཅན་ཡང་སྐྱེངས་པར་བྱས་སམ།།
སྣོད་ལྡན་སྙིང་གི་བུ་ཞེས་གཅེས་གཅེས་ངང་ནས།།
མཐའ་མའི་གདམས་ངག་མ་ལུས་གཅིག་ཏུ་སྤུངས་འདུག།

རེ་བ་མཛུབ་གང་མེད་པའི་ཡི་ཆད་ཀློང་ནས།།
ཧོབ་དེ་ཐོད་དུ་བརྒལ་ནས་མགྲོན་གྱི་གཙོ་བོ།།
ད་ནི་ཁྱེད་རང་མི་དགའ་རང་དབང་མེད་དེ།།
མཆི་མ་འཛུམ་ལ་བསྲེས་ནས་ས་མཆོང་གནམ་མཆོང་།།

ཚེ་གཅིག་རེ་བ་འགྲུབ་པའི་ཉི་མ་འདི་ནས།།
ཁྱེད་རང་སུ་ཡང་མིན་ཏེ་མི་ལ་རས་པ།།
ད་ནི་ཐོས་པ་དགའ་དང་ཨ་ཕོ་མཐུ་ཆེན།།
གཅེས་མིང་བརྙས་མིང་ཕལ་ཆེར་རིམ་བཞིན་བརྗེད་དོ།།
༨-༣༡-༢༠༡༦

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *