དགེ་ལེགས་ཕུག་བྲིས་པ།
རྩོམ་ཡིག་འདི་ཐེངས་ 91 བཀླགས་འདུག

དགེ་ལེགས་ཕུག་བྲིས་པ།
སྙིང་མིག
ཆེ་བའི་ཆེ་མཆོག་དཔལ་ལྡན་འབྲུག་པའི་ཞབས།།
འགྲོ་བའི་མགོན་པོ་ཆོས་རྗེ་རྒྱ་རས་པ།།
ཡེ་ཤེས་རྡོ་རྗེའི་བྱིན་རླབས་རྡུལ་དཀར་གྱིས།།
དག་སྣང་ནོར་བུའི་འོད་ཞགས་སྦྲེལ་གྱུར་ཅིག།
རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མའི་གར།།
ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་སྐུ།།
པདྨ་དཀར་པོའི་ཞབས་སེན་མེ་ཏོག་རྡུལ།།
ལྷོ་མོན་སྐྱེད་མོའི་ཚལ་གྱི་རྒྱན་དུ་འཕོས།།
དྲེགས་ལྡན་བྱེ་བའི་རལ་པའི་ཅོད་པན་དུ།།
མི་འཇིགས་སེང་གེའི་སྒྲ་ཡིས་ཆེས་དཔའ་བ།།
ཞབས་དྲུང་ངག་དབང་རྣམ་པར་རྒྱལ་བ་ཡི།།
འཕྲིན་ལས་འཇའ་ཚོན་མཛེས་པ་འདི་ཀོ་རྨད།།
ལྟ་བ་ཀུན་གྱི་ཡང་རྩེ་ཕྱག་རྒྱ་ཆེ།།
སྒོམ་པ་ཀུན་གྱི་གཙུག་རྒྱན་ནཱ་རོའི་ཆོས།།
སྤྱོད་པ་ཀུན་གྱི་རྒྱལ་པོ་རོ་སྙོམས་སྡེ།།
དཔལ་ལྡན་འབྲུག་པའི་བསྟན་དང་མཇལ་བར་སྨོན།།
སྟོད་འབྲུག་གནམ་གྱི་སྐར་མའི་འཇའ་ཚོན་འཁྱིལ།།
བར་འབྲུག་ས་ཡི་དྲེག་པའི་མཚར་སྡུག་ངོམས།།
སྨད་འབྲུག་ཆུ་ཁའི་བྱེ་མར་གྲགས་པའི་གཏམ།།
ཨ་ཧོ་ཕྱོགས་ཀྱི་བུ་མོའི་རྣ་ལུང་དཔྱངས།།
ཆོས་ཀྱི་རྗེ་བོ་འཇིགས་མེད་གྲགས་པའི་དཔལ།།
ཆོས་ཀྱི་རྒྱལ་པོ་གེ་སར་རྣམ་པར་རྒྱལ།།
དཔལ་ལྡན་འབྲུག་པའི་རིང་ལུགས་འཆང་བ་པོ།།
མཆོད་ཡོན་ཉི་ཟླའི་འོད་སྣང་འབུམ་དུ་བརྡལ།།
མཐོ་བའི་གངས་རི་དམའ་བའི་ལུང་གཤོང་ཀུན།།
དད་པའི་མེ་ཏོག་བཞད་པའི་ཚལ་དུ་བསྐྲུན།།
ཕྱོགས་བཞིའི་མགྲོན་པོའི་དྲི་བསུང་ཆལ་ཆིལ་རླབས།།
འཆི་མེད་དགའ་བའི་ཚལ་ལས་འགོངས་པར་གྱུར།།
ནམ་ཟླ་དགུན་གྱིས་ཟོས་པའི་གྲང་རླུང་གིས།།
ཐུབ་བསྟན་ནོར་འཛིན་སྒེག་མོ་འཁྱོམ་པའི་ཚེ།།
དཔལ་ལྡན་མཁའ་ལ་སྒྲ་སྒྲོག་རྔ་བོ་ཆེས།།
དཔྱིད་ཀའི་དཔལ་ཡོན་བསུ་བའི་ཚུལ་ལ་ལྟོས།།
དགེ་མཚན་འོད་ཀྱིས་འཁྱུད་པ་ས་ཡི་དཔལ།།
ལེགས་བྱས་ཕྱོགས་སུ་སྤུད་པ་ས་ལའི་ལྗོངས།།
ཕུག་འགོ་རང་བྱུང་མཛེས་སྡུག་མཁའ་ལ་འཁྲིལ།།
དགེ་ལེགས་ཕུག་གི་སྙན་གྲགས་ཕྱོགས་སུ་འཕྱངས།།
༡༡།༠༡།༢༠༢༦ ཐད་ཀར་ཡི་གེར་བཏབ་པས་ཡིག་ནོར་མཆིས་ན་བཟོད་པར་མཛོད།
བསམ་ཚུལ་ཕྲིས།