རྒྱལ་གཅེས་དཔའ་བོ་ལ་ཕུལ་བའི་སྙན་ངག
རྩོམ་ཡིག་འདི་ཐེངས་ 6 བཀླགས་འདུག

སྔོན་མ་པར་དང་རྩོམ་ལྷན་དུ་སྦྱར་ནས་བཞག་པ་ཡག་སྣང་ཤར། དེ་སྔོན་བྲིས་པ་ཞིག་བྲི་སྣོན་ཅུང་ཟད་བགྱིས་ཏེ་བཀོད་པ་ཞིག་ཡིན།
བུ་ཕ་ཁྱིམ་ལ་སོང་བ་ལྟར་གྱིས་འཇིག་རྟེན་དང་ཁ་བྲལ་བའི་དཔའ་རྒོད།
དར་ལྕེ་ཟད་པོ།
འཛམ་གླིང་ཡང་རྩེར་འགྱིངས་བ་གངས་སེང་གི་ཕ་ཁྱིམ།
བརྙས་བཅོས་གཉའ་བར་མི་ཁུལ་རལ་བ་ཡི་ཁྱད་ཆོས།།
བཙན་པོའི་ཟུངས་ཁྲག་དྭངས་མ་རྩ་ལམ་ནས་རྒྱུ་ན།།
གང་ལའང་ཞུམ་དགོས་མེད་དོ་སྟག་སེང་གི་གློ་སྙིང་།།
བོད་རིགས་ཤི་གསོན་གཉིས་ཀྱི་སོ་མཚམས་སུ་འགྲེང་ཞིང་།།
རྒྱལ་དར་རླུང་གིས་སྐྱོད་བཞིན་བག་ཕེབས་ཀྱི་གོམ་སྟབས།
བུ་ཆུང་ཕ་ཁྱིམ་ཆས་འདྲའི་སྐྱིད་སྣང་གི་འདུ་ཤེས།།
དམར་པོའི་མེ་ཡང་དགའ་བའི་སྐྱེད་ཚལ་དུ་བསྒོམ་ཡོད།
རྒྱབ་ན་དཔུང་རོགས་མེད་པ་དཔའ་རྒོད་ཀྱི་ཁེར་འགྲོས།།
གང་ལ་འཇིགས་ཞུམ་མེད་པ་གདོང་ལྔ་ཡི་གད་བརྒྱངས།།
འཛམ་གླིང་འདྲ་མཉམ་སྨྲ་བའི་ཐང་ཆེན་ནས་བསྒྲགས་དུས།།
ཐམས་ཅད་གཉིད་ལས་སློང་བའི་བཀའ་དྲིན་དེ་གཞལ་དཀའ།།
ཡོད་ཀྱང་དགའ་རིན་ཅི་ཡོད་མི་ཡུལ་གྱི་འཚོ་བ།།
མེད་ཀྱང་འཁང་ར་མི་དགོས་ས་ཤོར་གྱི་ལྡོམ་པོ།།
ཆག་སྒོ་ཀུན་གྱི་འབྱུང་ཁུངས་རང་བཙན་དེ་མེད་པས། །
མི་རབས་བརྒྱ་ཡི་་ཇུས་ཉེས་བདག་ཉིད་ལ་ཐུག་སོང་།།
གདོད་མའི་གངས་དཀར་སྤུགས་ཀྱི་ཁྱིམ་ཚང་ལ་དུང་ཞིང་།།
སྡེར་མོས་དགྲ་བོ་བསད་པའི་སྡིག་པ་ལ་མི་བསམས།།
སྤུན་ཟླས་ལོག་ལྟར་སྨོད་ཀྱང་སེམས་ཟུར་ལ་མི་འཇོག །།
བདག་གི་སྙིང་ལ་གཟན་པ་ད་ལྟ་ཡི་གནས་སྟངས།།
སྟག་རྩལ་འབྲོང་སྙིང་ཅན་གྱི་བཙན་པོ་ཡི་ཕོ་རྒོད།།
དོམ་ནག་ཁྲག་གིས་བཟི་འདྲའི་མགོ་རྣ་དེ་ཤོར་ན།།
གང་གིས་བཅོས་སུ་མེད་པ་ལོ་རྒྱུས་ཀྱི་ནད་རྙིང་།།
ཤེས་ན་ཁྱོད་ལ་ཚོར་བ་མ་འགགས་པའི་དན་རྟགས།།
དུས་ཀྱིས་ངེས་མེད་འགྱུར་བ་འཇིག་རྟེན་གྱི་གཤིས་ལུགས།།
རྫོང་མཁར་མཐོན་པོ་བུ་རེས་བཟུང་རེས་ཤིག་བྱེད་དུས།།
འཛམ་གླིང་བླ་སྲོག་འདར་བའི་བཙན་པོ་ཡི་རུ་དར།།
དེ་རིང་སླར་ཡང་ཨ་སྔོན་མཁའ་དབྱིངས་སུ་བསྒྲེངས་ཡོད།།
བདག་གི་ངག་ལ་སྨྲེངས་བ་ནང་ཁུལ་གྱི་མཐུན་སྒྲིལ།།
བདག་གི་ཡིད་ལ་བརྣགས་པ་མ་འོངས་པའི་མདུན་ལམ།།
རང་རིགས་སྐྱིད་པའི་ཉི་མ་བོད་ཡུལ་ལ་ཤར་ན།།
རྟ་གདོང་མེ་ཡང་བཟོད་པའི་ཞི་དབྱིངས་སུ་གཏོང་ཆོག།
དཔའ་རྒོད་རང་བཙན་བློ་དགའ་ལགས་ཀྱིས་སྙིང་སྟོབས་ལ་ཇི་ལྟར་བསམས་ཀྱང་ངོ་མཚར་རྨད་བྱུང་ལྟ་བུ་མཐོང་བས་ཞལ་ཆེམས་ཕྲན་བུ་ཙམ་བསྒྲུབ་པའི་ཆེད་དུ་ཕ་སྐད་གཙང་མ་ཡི་ཐོག་ནས་སྲོལ་རྒྱུན་སྙན་ངག་མཁས་པ་རྣམས་ཀྱི་འབྲི་ལུགས་ལྟར་གྱིས་རྗེས་དྲན་ཚུལ་དུ་གུས་པ་དར་ལྕེ་ཟད་པོས་བྲིས་པའོ།།
བསམ་ཚུལ་ཕྲིས།