སྐད་ཡིག་གི་འཇིག་ཉེན་དང་། བར་དོའི་འཕྲང་སྒྲོལ།
རྩོམ་ཡིག་འདི་ཐེངས་ 38 བཀླགས་འདུག
༄༅། །སྐད་ཡིག་གི་འཇིག་ཉེན་དང་། བར་དོའི་འཕྲང་སྒྲོལ།
རྩོམ་པ་པོ། དྷཱིཿ ལྷ་ལྡན།

འཇིག་ཉེན་ལ་འཇིག་ཉེན་ཉིད་དུ་ངོ་འཚལ་ཞིང་དཔྱོད་ཤེས་དང་ཤེས་རབ་ཀྱིས་འཚོ་བའི་མི་རིགས་ཤིག་ལ་མཚོན་ན་འཇིག་ཉེན་ཆེ་ཕྲ་གང་ཡང་ཉེན་བརྡ་ཙམ་ལས་ཅི་ཡང་མིན་ལ། དེ་ནི་ལེགས་ལམ་དུ་ཕྱིན་པའི་སྒུལ་ཤུགས་ཤིག་ཀྱང་ཡིན་སྲིད་མོད། གནས་ལུགས་གནས་ལུགས་ཉིད་དུ་ཁས་མི་ལེན་པའི་ཨུ་ཚུགས་ལྕགས་ཀྱི་ཐོ་ལུམ་ལས་སྲ་ཞིང་། འཇིག་ཉེན་འཇིག་ཉེན་ཉིད་དུ་ངོ་མི་འཚལ་བའི་རྨོངས་བློ་མཚན་མོའི་མུན་ནག་ལས་རྔམས་མཐུག་པའི་མི་རིགས་ཤིག་ལ་མཚོན་ན་འཇིག་ཉེན་ཕྲ་མོ་དག་ཀྱང་དུས་ཀྱི་འཐོར་རླུང་བཞིན་ཤུགས་དྲགས་པས། དེ་ཡི་སྲོལ་དང་གོམས་གཤིས། སྐད་ཡིག་དང་རིག་གནས། འཚོ་གནས་དང་བླ་སྲོག་མཐའ་དག་རྨང་ནས་རློག་པར་བྱེད་དོ། །
གཞན་དུ་མི་རིགས་རང་སྟེང་ནས་འདོར་བར་མི་བཟོད་ཅིང་སེམས་ཀྱི་རྩ་བར་ཟུག་པའི་རིག་གཞུང་ཞིག་ཡིན་ཕྱིན། ལྐོག་མར་སྲོག་ཕྱིན་ལྟ་བུའི་ཆོས་རིག་དག་གི་ཚེ་སྲོག་ཀྱང་སླར་ཡང་སྨིན་པར་ངེས་པས་ཕྱི་རྐྱེན་ཙམ་གྱིས་ནམ་ཡང་རློག་པར་དཀའ་སྟེ། རིང་ས་ནས་བཤད་ན་མི་ལོ་ཉིས་སྟོང་ལ་ཉེ་བའི་རིང་ཟམ་ཐག་ཆད་པར་གྱུར་པའི་ཡ་ཧུ་དཱ་པའི་སྐད་ཡིག་གི་ཚེ་སྲོག་སླར་ཡང་འཇིག་རྟེན་དུ་མངོན་ཞིང་རྒྱས་པར་གྱུར་པ་དང(རྩོམ་པ་པོ་དམིགས་བུས་བསྒྱུར་བའི«ཧེབ་རེའི་སྐད་འདས་ལོག་བྱུང་བ»ཞེས་པ་མཇུག་གི་འཕྲོས་དོན་དང་བཅས་པར་ཅིས་ཀྱང་གཟིགས།)། ཉེ་ས་ནས་བཤད་ན་རང་རེའི་ལོ་རྒྱུས་སྟེང་དུ་ནང་བསྟན་མགོ་རྟིང་སློག་པའི་ལས་འགུལ་ཇི་སྙེད་ཅིག་བྱུང་ཡང་སླར་ཡང་བསྐྱར་དར་བྱུང་བའི་གནས་ལུགས་དེ་དག་གིས་ཀྱང་བདེན་པ་གང་ཉིད་གསལ་བཤད་བྱས་ནས་ཡོད་པས་ན། སྐད་ཡིག་དང་རིག་གཞུང་ཞིག་གི་ཆགས་འཇིག་དང་འཕེལ་འགྲིབ་ནི་ཕྱི་རྐྱེན་ལས་ཀྱང་བདག་པོ་རང་སྟེང་ནས་ཡོང་བ་རབ་ཏུ་ཤས་ཆེ་ཞིང་སྟོབས་དང་ལྡན་པ་ཡིན་ནོ། །
ད་ལྟའི་རང་རེའི་སྐད་ཡིག་དང་རིག་གཞུང་གི་འཇིག་ཉེན་མང་ཕྱོགས་ཀྱང་གཞོན་རབས་པའི་རིན་ཐང་ལྟ་བའི་གནས་གྱུར་དང་། རྒན་རབས་པའི་རིས་ཆད་ཕྱོགས་གཅོད་ཀྱི་འདུ་ཤེས། ཀུན་ཀྱང་ཨ་གསར་ལད་ཟློས་ཀྱི་བླུན་གཤིས་སོགས་ཕྱི་རྐྱེན་ལས་ཀྱང་ནང་རྐྱེན་རབ་ཏུ་ལྕི་བའི་ཚོད་དུ་གདའ་བས། “མཐོང་ན་འཇིགས་པ་བདེན་པའི་གཅེར་བུ་ལ། །རང་མགོ་སྐོར་བའི་གོས་ཀྱིས་མི་གཡོག་པར། །”གནས་ལུགས་གནས་ལུགས་ཉིད་དུ་ཁས་འཆེ་ཞིང་། འཇིག་ཉེན་འཇིག་ཉེན་དུ་ངོ་འཚལ་བའི་འདུ་ཤེས་ཙམ་ཞིག་ནི་ཅིས་ཀྱང་ཡོད་པ་གལ་ཆེ་ཞིང་། དཔྱོད་པ་དང་ལྡན་པ་དག་གིས་ནི་དམ་ཚིག་དེ“སྲོག་ལ་བབ་ཀྱང་འབད་པས་སྲུང་བར”བྱེད་མོད། “མཁས་པའི་དམ་ཚིག་དང་པོ”རུ་བགྲངས་པའི་ལྡོག་ཟླར་གྱུར་པ་གང་ཡིན་པ་དེ་ནི་བླུན་པོའི་སྤྱི་ཚོགས་སུ་ངེས་པས། རེ་བ་ཕྲ་བའི་སྤྱི་ཚོགས་དེར་འཇིག་ཉེན་བདེན་དོན་གྱི་གཅེར་བུ་མདུན་དུ་ལྷགས་ཀྱང་ད་དུང་རང་མགོ་སྐོར་བའི་གོས་ཀྱིས་གཡོགས་ནས་རང་སྣང་རླུང་ལ་བསྐུར་བའི་སྐྱིད་གླུ་ལེན་གྱིན་སྡོད་ཅིང་། ཉེན་བརྡ་གཏོང་བའི་སྐྱེ་བོ་དག་ཀྱང་དགྲ་བཞིན་ཏུ་ལྟ་ཞིང་དམོད་པར་བྱེད། དེ་ནི་ཨོ་ལི་ཧྥེར་དང་རྔ་བྱ་གཞན་དག(གྲོགས་རྩོམ་པ་པོ་བྱང་སྐར་གྱིས་བསྒྱུར་བའི«ཨོ་ལི་ཧྥེར་དང་རྔ་བྱ་གཞན་དག»ཅེས་པར་གཟིགས།)ཅེས་པའི་བསྟན་དོན་དང་ཚུལ་མཚུངས་ཏེ། མི་དེ་རིགས་ལ་བདེན་པ་བདེན་པ་ཉིད་དུ་ཁས་འཆེ་བའི་སྤོབས་པ་དང་། འཇིག་ཉེན་འཇིག་ཉེན་ཉིད་དུ་ངོ་འཚལ་བའི་དཔྱོད་ཤེས་ཀྱིས་ཡོངས་སུ་དབུལ་བ་ཡིན་པས། འཇིག་ཉེན་དེ་དག་གི་མདུན་དུ་མགོ་བོ་བཏུམ། མིག་ཟུང་བཀབ་སྟེ་སྟོང་སྣང་གི་འཇིག་རྟེན་བཞེངས་བསྐྲུན་བྱས་ཏེ་མུ་ནས་མུ་རུ་མུན་ནག་གི་ཁྲོད་དུ་གནས་འཆའ་ཞིང་། འཇིག་ཉེན་གྱི་མདུན་དུ་སྲེག་པ་རྡོ་སྒུར་བྱས་ཏེ་འཆི་རུ་འཇུག་པར་བྱེད་དེ། སྔོན་ཆད་ཀྱང་འཇིག་ཉེན་ཆེན་པོ་དག་གཅིག་རྗེས་གཉིས་མཐུད་དུ་རང་རེའི་མདུན་དུ་ལྷགས་སྐབས་ཀྱང་། “ཡུ་བུ་ཅག་ནི་གངས་རིའི་ར་བས་བསྐོར་བའི་ཡལ་གྲུ་ཡིན་པས་གནོད་ཅིང་འཚེ་བ་ཡོང་མི་སྲིད་ཚུལ་དང་། ལྷ་དང་ཆོས་ཀྱི་སྲུང་མས་བྱ་ར་མཛད་ངེས་པས་གེགས་དང་བར་ཆད་བཟོ་མི་ཐུབ”ཚུལ་གྱི་སྟོང་སྐད་བསྒྲགས་ནས་རང་སྣང་སྐྱིད་ལ་བསྐུར་ནས་བསྡད་པ་དེ་ལྟའོ། །
མ་གཞི་འཇིག་རྟེན་འདིའི་ཤེས་རྨོངས། ཀླ་ཀློ། འཇིག་ཉེན། ནག་ཉེས། དུཿ ཁ། ཉམས་རྒུད་སོགས་ཇི་སྙེད་ཅིག་ཡོད་པ་མཐའ་དག་མ་རིག་པའམ། གཏི་མུག་གམ། རྨོངས་པ་ཞེས་སུ་གྲགས་པ་འདི་ལས་བྱུང་བ་ཁོ་ནར་ངེས་པས། “འཇིག་རྟེན་རྒུད་པ་ཇི་རྙེད་པ། །དེ་ཡི་རྩ་བ་མ་རིག་པ། །”ཞེས་སུ་བསྩལ་བའི་ནང་པའི་ལྟ་བ་དེ་ནི་ཆོས་དང་རིག་གནས། རིགས་དང་རྒྱལ་ཁབ་ཀྱི་དབྱེ་མཚམས་མེད་པའི་ཀུན་ཁྱབ་ཀྱི་བདེན་པ་ཆེན་པོ་ཞིག་ཡིན། བདེན་པ་ཆེན་པོ་དེའི་ངོས་ནས་བལྟས་ན་བདེན་དོན་བདེན་དོན་ཉིད་དུ་ཁས་མི་ལེན་ཞིང་། འཇིག་ཉེན་འཇིག་ཉེན་ཉིད་དུ་ངོ་མི་འཚལ་བའི་གཏི་མུག་ནི་ཉམས་རྒུད་ལས་ཐར་བའི་སྒོ་མོ་བཙན་གྱིས་འགོག་པའི་གཏི་མུག་ཆེན་པོ་ཡིན་ཞིང་། རང་ཉིད་ཀྱི་གནས་བབ་ཙམ་ཡང་ངོ་མི་འཚལ་བའི་སྐྱེ་བོ་དེ་ནི་གཏན་ནས་གཏན་དུ་སྐྱོབ་ཐབས་བྲལ་བ་ཡིན་པས་ན་ནང་བསྟན་དུ་ཡང་བདེན་པ་བཞི་ལས་ཐོག་མར“སྡུག་བསྔལ་ཤེས་པར་བྱ”ཞེས་བསྟན་པ་དེ་ཡིན་ཏེ། རང་ཉིད་ནད་པ་ཡིན་པ་ཙམ་ཡང་ངོ་མི་འཚལ་བའི་བླུན་ཞིང་རྨོངས་པ་དག་གིས་ནི་སྨན་པ་འཚོལ་བ་དང་སྨན་བསྟེན་པ་སོགས་ཀྱི་ཐབས་ཙམ་ཡང་དོན་དུ་གཉེར་བར་མི་ཤེས་ན། ནད་དང་བྲལ་བའི་བདེ་འབྲས་ཀྱི་དཔལ་ལ་རོལ་པ་ནི་དེ་བས་ཀྱང་རྨི་ལམ་ཙམ་དུ་ཟད་དོ། །
བདེན་པ་བཞི་ཞེས་པ་དེ་ནི་ཆོས་ལུགས་འགྲེལ་རྒྱག་སྟངས་ཙམ་ཞིག་མ་ཟད་ཀྱི། འཇིག་རྟེན་མི་ཆོས་ཀྱི་ལམ་འབྲས་སྤྱི་བྱེ་ཡོངས་ལའང་སྦྱོར་དུ་ཡོད་པ་ཞིག་སྟེ། དཔེར་མཚོན་ན་མི་རིགས་ཤིག་རྗེས་ལུས། ཀླ་ཀློ། གདུག་རྩུབ། དབུལ་ཕོངས་སོགས་ཀྱི་འོབས་སུ་གནས་པ་ནི་སྡུག་བསྔལ་བདེན་པ་ཡིན་ལ། དེ་ཡི་རྩ་བ་མ་རིག་པ་སྟེ། ཤེས་རྨོངས། ཁྲིམས་རྨོངས། སྒྱིད་ལུག །བག་འཁུམས། རྙིང་ཞེན། ཨུ་ཚུགས་སོགས་ནི་ཀུན་འབྱུང་བདེན་པ་ཡིན་ཞིང་། དེ་ཡི་གཉེན་པོར་ཤེས་རིག་སྦྱོང་བ་དང་། ཁྲིམས་ལ་སློབ་པ། བརྩོན་འགྲུས་བསྐྱེད་པ། བློ་སྒོ་འབྱེད་པ་སོགས་ནི་ལམ་གྱི་བདེན་པ་དང་། སྡུག་བསྔལ་དེ་དག་ལས་གྲོལ་བའི་སྔོན་ཐོན་དང་། ཤེས་དཔལ། ཀུན་སྤྱོད། འབྱོར་ཕྱུག་སོགས་ཀྱི་རྒྱལ་སར་འབྱོར་བ་ནི་འགོག་པའི་བདེན་པ་ཡིན་ཞིང་། རྫོགས་ལྡན་གྱི་འབྲས་བུ་དེ་མངོན་དུ་འགྱུར་དགོས་ན་ཐོག་མར་རང་ཉིད་ཀྱི་གནས་བབ་ངོས་ཟིན་ཅིང་སྡུག་བསྔལ་ཤེས་པར་བྱ་བ་ནས་མགོ་བརྩམ་དགོས་པ་སྟེ། རང་ཉིད་རྗེས་ལུས་དང་། ཀླ་ཀློ། ཤེས་རྨོངས་སོགས་ཀྱི་འོབས་སུ་ལྷུང་ནས་ཡོད་པར་ངོ་འཚལ་བ་ནི་དེ་ལས་གྲོལ་བའི་འཇུག་སྒོ་གཅིག་པུ་དེ་ཡིན་ནོ། །
དེ་ལྟར་བསྟན་ན་རང་རེའི་སྐད་ཡིག་དང་རིག་གཞུང་གི་བདེན་པ་བཞི་ཡང་ཞར་ལ་རྟོགས་པར་འགྱུར་ཏེ། སྐད་ཡིག་དང་རིག་གཞུང་མཐའ་དག་འཇིག་ཉེན་འཐོར་རླུང་དྲག་པོའི་གསེབ་ཏུ་ཚུད་ཅིང་ལྐོག་མར་སྲོག་ཕྱིན་ལྟ་བུའི་ཚད་དུ་གནས་པ་ནི་སྡུག་བསྔལ་བདེན་པ་ཡིན་ལ། རང་རེའི་རིན་ཐང་ལྟ་བའི་གནས་གྱུར་དང་། རིས་གཅོད་ཕྱོགས་ཆད་ཀྱི་འཐེན་འཁྱེར། བག་འཁུམས་སྒྱིད་ལུག་གི་བསམ་བློ། ཨ་གསར་ལད་ཟློས་ཀྱི་བླུན་གཤིས། རང་སྣང་རླུང་སྤུར་གྱི་སྟོང་འདང་། རང་མགོ་རང་གཡོག་གི་རྨོངས་བློ་སོགས་ནི་ཀུན་འབྱུང་བདེན་པ་དང་། རིགས་ཀྱི་འདུ་ཤེས་གསོ་བ་དང་། སྐད་ཡིག་གི་རིན་ཐང་རྟོགས་པ། བཀོལ་སྤྱོད་ཀྱི་ལག་ལེན་ཞིབ་པ། རང་སྐད་སྨྲ་བའི་སྤོབས་པ་མཐོ་བ་སོགས་ནི་ལམ་གྱི་བདེན་པ་ཡིན་ལ། དེ་ལྟར་ལམ་གྱི་བདེན་པ་ཉམས་སུ་བླངས་པའི་འབྲས་བུར་སྐད་ཡིག་དང་རིག་གཞུང་གི་བསྟན་པ་སླར་ཡང་རྒྱས་ཤིང་རེ་བའི་འབྲས་བུ་བརྟན་པར་གྱུར་པ་ནི་འགོག་པའི་བདེན་པའོ། །
ད་དུང་ཡང་ཧེབ་རེའི་སྐད་འདས་ལོག་བྱུང་བར་ཡང་རང་རེས་ཉམས་ལེན་གྱི་མཐིལ་དུ་བཅོལ་འོས་པའི་སྐད་ཡིག་གི་ལམ་བདེན་ཁ་ཤས་གསལ་ཏེ། ད་ཡང་ཕྱི་ལོའི་སྔོན་གྱི་ལོ༧༠པར་རོམ་བཙན་རྒྱལ་གྱིས་ཡ་ཧུ་དཱ་པ་དག་བཅོམ་ཞིང་འཛམ་གླིང་གང་སར་ཁ་འཐོར་དགུ་ཐོར་བཏང་སྟེ་ཡ་ཧུ་དཱ་པའི་གཅིག་གྱུར་གྱི་ཕ་སྐད་མ་ཡིག་མི་མངོན་དབྱིངས་སུ་ཐིམ་རྗེས་ཀྱི་མི་ལོ་ཆིག་སྟོང་དགུ་བརྒྱ་ང་གཅིག་སོང་བའི་འཕྲོ་སྟེ། ཕྱི་ལོ༡༨༨༡ལོར་ཕུགས་སེམས་ཀྱི་རི་བོ་བརྟན་ཅིང་སྙིང་སྟོབས་ཀྱི་གོ་མཚོན་སྲ་བའི་ཡ་ཧུ་དཱ་པའི་ཕོ་རྒོད་ཅིག་གིས་ཡ་ཧུ་དཱ་པའི་ཕ་སྐད་མ་ཡིག་གི་ཚེ་སྲོག་སླར་ཡང་གསོ་བར་བྱས། ཁོང་གིས་ཉམས་ལེན་གྱི་མཐིལ་དུ་བཟུང་བའི་ལམ་གྱི་བདེན་པ་གཙོ་བོ་ནི་ཕྱོགས་གསུམ་ནས་མངོན་ཏེ། ཐོག་མར་ཧེབ་རེའི་སྐད་ཀྱི་ཐ་སྙད་ཀྱི་ཚིག་མཛོད་བསྒྲིགས་པ་དང་། དེ་རྗེས་ཧེབ་རེའི་སྐད་ཀྱི་སློབ་གྲྭ་བཙུགས་པ་དང་། རང་ཉིད་ཀྱི་ཁྱིམ་ཚང་ནས་མགོ་བརྩམས་ཏེ་ཧེབ་རེའི་སྐད་ཁོ་ནས་གཏམ་གླེང་བྱེད་པའི་སྒྲིག་སྲོལ་བཞག་པ་སྟེ། འདི་དག་ནི་བླ་མ་སྔ་མའི་ཉམས་ལེན་སློབ་མ་ཕྱི་མའི་མིག་དཔེ་ཁོ་ནར་ངེས་ཏེ། ཕ་སྐད་མ་ཡིག་དེ་འདྲའི་ཉམ་ཐག་གི་གནས་སུ་ད་དུང་མ་སླེབས་ཤིང་ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བའི་དུས་ཚིགས་བར་དོའི་ས་མཚམས་ལྟ་བུའི་དུས་འདིར། བར་དོ་འཕྲང་སྒྲོལ་གྱི་གདམས་པ་ལ་ཉམས་ལེན་གྱི་མཐིལ་བཅོལ་མིན་ནི་མི་རིགས་ཤིག་གི་ཤི་གསོན་གྱི་གདམ་ག་ཁོ་ནར་ངེས་སོ། །
ཕྱི་ལོ2026.7.10ཉིན་དྷཱིཿ ལྷ་ལྡན་གྱིས།
བསམ་ཚུལ་ཕྲིས།