སྙིང་མིག་གི་སྙན་ངག་གསར་པ།

རྩོམ་ཡིག་འདི་ཐེངས་ 5 བཀླགས་འདུག

བརྩེ་བའི་གྲོགས་ལ་སྐྱེལ་མ།

མི་སྙན་རླུང་བུ་ཤུད་མོས་གཏམ་དེ་ཁྱེར་ཞིང་།།
མི་བདེན་རྨི་ལམ་ཁྲ་ཆུང་མིག་གིས་མཐོང་ཡང་།།
ད་དུང་ཉེ་ཉེ་ཞིག་ལ་ཡོད་ཡོད་འདྲ་བ།།
ནང་གི་ཁོ་ཐག་གྲི་ཡིས་ཆོད་ཐབས་མ་མཆིས།།

དོ་ཞག་ཚ་བས་གདུང་བ་ནི་འུ་ཡོག་ཏུ།།
བྱ་དང་བྱེ་འུ་ཚོགས་ཀྱང་མཚོ་ལ་འཕུར་འགྲོ།
འཇིགས་རུང་མེ་དཔུང་དབུས་སུ་ཧྲེང་ངེར་བཞེངས་ཀྱིན།།
སྙིང་གཅེས་གྲོགས་བཟང་ཁྱེད་ཉིད་གང་དུ་གཤེགས་པ།།

རྒྱལ་ཁམས་འུར་གྱིས་ཁེངས་ཀྱང་མི་རྐྱང་རྟ་རྐྱང་།།
བཙན་པོའི་རྨུ་ཐག་འཇུས་ནས་དགུང་ལ་ཆས་སོང་།།
མི་ལྡོག་ལམ་སྣེ་འདི་ནས་གཏན་དུ་གྱེས་ཀྱང་།།
ཞབས་རྗེས་མེ་ཏོག་ཆུན་པོ་ས་ལ་བཞད་བྱུང་།།

ཡུན་རིང་ཐུགས་ལ་བརྣགས་པའི་དོན་ཆེན་དེ་ཀས།།
སྣང་བ་གཅོང་པོའི་ལོ་ཟླ་ག་ཚོད་འདས་སོང་།།
ཕྱིར་དྲན་སྒྱུ་མར་ཡན་པའི་སྨུག་ཀློང་ཁྲོད་ན།།
སྙིང་གི་ཞལ་ཏ་སྣང་བརྙན་ཡིད་ལ་འཆར་བྱུང་།།

རིགས་ཀྱི་ཁ་ཐབས་གླེང་ན་ཁྲོ་གཏུམ་མངོན་ལེ།།
ཕུ་ནུ་མཐུན་ལམ་བཤད་ན་སྤྱན་ཆབ་འབྱིན་ལེ།།
སྙིང་ཤ་ལྕགས་ལས་གྲུབ་པ་བརྩེ་བའི་གྲོགས་པོ།།
མིག་ཆུ་ཕོར་པ་གང་གིས་སྐྱེལ་མ་ཞུ་འོ།།

ང་ཅག་འདུས་པ་དེ་ག་སྡུག་གི་ཁུར་པོ།།
འདུས་མཐའ་འབྲལ་ལུགས་དེ་ག་སྙིང་གི་གཤེད་མ།།
གང་ལ་བལྟས་ཀྱང་སྐྱོ་བའི་རྒྱུ་ལས་མ་མཆིས།།
གདུང་བའི་ངུ་ངག་ཕྲ་མོས་སྐྱེལ་མ་ཞུ་འོ།།

ཞལ་ཆེམས་མུ་ཏིག་རྡོག་པོའི་ཆུན་འཕྱང་བསྣར་སོང་།།
རྒྱལ་ཁམས་ཟིལ་གྱིས་ནོན་པའི་ཕྱག་རྒྱ་བསྣོལ་སོང་།།
ད་ནི་མཆོད་མེ་ལྷེམ་ལྷེམ་འདར་བའི་དྲུང་དུ།།
བརྩེ་བའི་གྲོགས་ཁྱོད་སྐྱེལ་མའི་སྙན་ངག་ཞུ་འོ།།

༧།༣།༢༠༢༦

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *