མི་ཕམ་རིན་པོ་ཆེ་རྗེས་སུ་དྲན་པ།
རྩོམ་ཡིག་འདི་ཐེངས་ 2 བཀླགས་འདུག

རྗེས་དྲན།
བ་སྤུ།
བདེ་གཤེགས་སངས་རྒྱས་བྱེ་བའི་མཁྱེན་རབ་ཕུང་པོ།།
གཅིག་བསྡུས་ལི་ཁྲིའི་མདངས་འཛིན་འཇམ་དཔལ་རྡོ་རྗེས།།
ལྔ་ལྡན་ཟུར་ཕུད་དོར་ཏེ་མི་ཡི་ཚུལ་དུ།།ཞིང་འདིར་མངོན་སུམ་བྱོན་པ་མི་ཕམ་རྒྱ་མཚོ།།
རྒྱབ་རྟེན་ལུང་གིས་བརྗིད་པའི་གོ་ཆ་བཙན་ཞིང་།།
ཕྲ་ཞིབ་རིག་པས་བརྡར་བའི་མཚོན་རྩེ་རྣོ་བས།།
དམ་བཅའི་རྫོང་གོག་བཤིག་ལ་ངལ་བ་སྟོང་བའི།།
ཟླ་བྲལ་ཕྱོགས་ཀྱི་གླང་པོ་མི་ཕམ་རྒྱ་མཚོ།།
སྣང་བ་ཡུལ་གྱི་རྣམ་པས་ཕྱི་ནས་མ་ལྷད།།
འཛིན་པ་སེམས་ཀྱི་ཞེན་པས་ནང་ནས་མ་བཅིང་།།
མཐའ་བྲལ་གཤིས་ཀྱི་ངོ་བོ་རྗེན་པར་གཟིགས་པའི།།
དཔལ་ལྡན་ཀླུ་ཡི་དབང་པོ་མི་ཕམ་རྒྱ་མཚོ།།
རི་བདུན་མཚོ་བདུན་འཇིག་རྟེན་སྣོད་ཀྱི་བཀོད་པ།།
ཕུང་ཁམས་སྐྱེ་མཆེད་སེམས་ཅན་ནང་གི་གྲུབ་ཚུལ།།
ལས་དང་ཕྲ་རྒྱས་ལམ་གྱི་རྣམ་དབྱེར་མཁས་པའི།།
ངོ་མཚར་དབྱིག་གཉེན་གཉིས་པ་མི་ཕམ་རྒྱ་མཚོ།།
མ་སྨིན་ལང་ཚོ་གཞོན་པ་བྱིས་པའི་དུས་ནས།།
མ་སྦྱངས་གནས་ལུགས་འཆད་པའི་བློ་གྲོས་ཡངས་པས།།
མ་ལུས་འཕགས་བོད་མཁས་པའི་དགོངས་གནད་བཀྲལ་བའི།།
མ་ཕམ་བྱམས་པའི་ཞལ་སྐྱིན་མི་ཕམ་རྒྱ་མཚོ།།
ཤེས་བྱའི་འབྲི་མར་བཞུས་པ་ཞུན་དུ་འཁྱིལ་བ།།
མཁྱེན་དཔྱོད་བློ་ཡི་སྡོང་བུས་དལ་གྱིས་གཞིབ་དུས།།
མངོན་རྟོགས་འོད་ཀྱི་སྣང་བས་གླིང་འདིར་འགེངས་པའི།།
སྔ་འགྱུར་རིག་པའི་སྒྲོན་མེ་མི་ཕམ་རྒྱ་མཚོ།།
ཐུགས་ཀྱི་པད་རྫིང་རྟོག་པའི་རླུང་གིས་གཡོས་དུས།།
ལུང་རིགས་ངང་མོ་ངུར་བའི་མགྲིན་པའི་སྒྲ་ཡིས།།
ས་ཆེན་ཡངས་པའི་ཁྱོན་གྱི་ལྷིང་འཇགས་དཀྲོགས་ཞེས།།
དྲན་དབང་བྱེ་བས་མེ་ཏོག་ཁྱེད་ལ་འཐོར་སོང་།།
ཚངས་དབང་འཇིག་རྟེན་ལྷ་དང་འཇོག་པོ་ཀླུ་དབང་།།
ས་སྐྱོང་འཇིག་རྟེན་སྐྱོང་བའི་འབྱོར་པ་མེད་ཀྱང་།།
དམར་སྨུག་རས་རྐྱང་བགོ་བའི་གྲྭ་རྐྱང་བདག་གིས།།
རྗེས་དྲན་རྟོག་པའི་རམ་འདེགས་དབྱངས་སུ་གྱེར་ཡོད།།
བོད་རྒྱལ་ལོ་ ༢༡༤༤ ལོའི་ས་ག་ཟླ་བའི་ཚེས་ ༢༩ ཉིན་འཇམ་མགོན་མི་ཕམ་རིན་པོ་ཆེའི་དགོངས་རྫོགས་དུས་དྲན་དུ་བ་སྤུའམ་བསྟན་འཛིན་གྱིས་བྲིས།
བསམ་ཚུལ་ཕྲིས།