གྲོགས་པོ། སྒྲུང་རྩོམ།

རྩོམ་ཡིག་འདི་ཐེངས་ 29 བཀླགས་འདུག


གྲོགས་པོ།

རྩོམ་པ་པོ། བཀྲ་ཤིས་དོན་གྲུབ།

ཉིན་གསུམ་གྱི་སྔོན་དུ་ང་རང་གྲོགས་པོ་ཐུག་ཏུ་ཕྱིན། གྲོགས་པོ་ནི་ངའི་ཆང་འཐུང་རོགས་རྙིང་པ་ཞིག་རེད།
འདས་པའི་དུས་ཚོད་ནང་། གྲོགས་པོ་ནི་གཤམ་ཐབས་དཀར་པོའི་ཆོས་ལུགས་ཀྱི་གྲྭ་པ་ཞིག་ཡིན་མྱོང་ཞིང་། ང་རང་གཤམ་ཐབས་དམར་པོའི་ཆོས་ལུགས་ཀྱི་གྲྭ་པ་ཞིག་ཡིན་མྱོང་།
གྲྭ་པ་ལོག་རྗེས་གྲོགས་པོ་ངེད་གཉིས་ཆང་ཁང་ཞིག་ནས་ཐོད་པ་ཐུག གྲོགས་པོ་ངེད་གཉིས་ཕན་ཚུན་གྲྭ་ལོག་ཡིན་པར་ཐོད་པ་ཐུག་ཚར་རྗེས། གྲོགས་པོས། “གྲྭ་པ་ལོག་ཀྱང་ལྟ་བ་ལོག་མེད་དོ། །”ཞེས་བྲང་ལ་ཁུར་ཚུར་གྱིས་བརྡུངས་ཏེ་བཤད། གྲོགས་པོས་ངས་ཀྱང་སྐད་ཆ་དེ་བསྐྱར་ཟློས་བྱེད་རྒྱུར་བསྒུགས་ཡོད་ཚོད་ལ། ངའི་ཁ་ནས“ང་ནི་གྲྭ་པ་དང་ལྟ་བ་གཉིས་ཀ་ལོག་ཐལ།”ཞེས་ཤོར། དེ་དུས་གྲོགས་པོའི་སྨིན་མཚམས་ན། རྣམ་པར་འཚེ་བའི་གཉེར་མདུད་གསུམ་འཁྲིགས་འཁྲིགས་བྱེད་པ་ངས་དངོས་སུ་མཐོང་བྱུང་། དེ་མ་ཐག་ངས་སྐད་ཆ་གཞན་དུ་ཁ་བསྒྱུར་ཐབས་བྱས་པར་བཟང་ཕྱོགས་ཀྱི་གྲུབ་འབྲས་ཆེན་པོ་ལོན་ཡོད་པར་བཤད་ཆོག་སྟེ། ད་ཆ་གྲོགས་པོ་ངེད་གཉིས་ཆང་འཐུང་བློ་མཐུན་དུ་གྱུར་མི་འདུག་གམ།
གྲོགས་པོ་ནི་ར་མ་བཟི་བའི་སྔོན་དུ་ཆོས་ལུགས་ཐམས་ཅད་གཅིག་པ་ཡིན་ཚུལ་སྨྲ་མཁན་ཞིག་ཡིན་པར་མ་ཟད། ཐ་ན་ལྷ་མེད་སྨྲ་བ་རྣམས་ལའང‘སྤུན་ཟླ’ལབ་མཁན་ཞིག་རེད། གྲོགས་པོས་དེ་སྐད་ཟེར་དུས་ངའི་མགོར་ལག་པས་བྱིལ་བྱིལ་གཏོང་རྒྱུར་གོམས་ཡོད་ཀྱང་། གྲོགས་པོ་ར་བཟི་བའི་འོག་ཏུ། “གཤམ་ཐབས་དཀར་པོ་གོན་པའི་ཆོས་ལུགས་ཁོ་ན་ནི་ཡང་དག་པ་ཡིན་ནོ། །”ཞེས་དྲིལ་བསྒྲགས་བྱེད་པར་མ་ཟད། ཆོས་ལུགས་གཞན་དག་གི་མིང་ཐོས་པ་ཙམ་གྱིས་ཀྱང་། སྡང་མིག་ཤ་སྟག་བགྲད་འོང་ལ། དེ་དུས་གྲོགས་པོས་ཆེད་མངགས་ངའི་གདོང་ལ་མིག་འོད་སྤྲོས་ཏེ། “ལྷ་བླ་མར་དད་པ་མེད་མཁན་རྣམས་ནི་མ་ཧེ་དང་འདྲའོ། །”ཟེར་ཞོར། མདུན་ཅོག་སྟེང་དུ་ཁུ་ཚུར་ཆོམ་སྒྲ་གྲག་པ་རེ་གཞུ་གི་རེད། ར་བཟི་བའི་འོག་ཏུ་གྲོགས་པོས་སྐད་ཆ་ཐམས་ཅད་དབྱིན་སྐད་ཀྱི་ལམ་ནས་བཤད་འོང་བས། གྲོགས་པོའི་དབྱིན་སྐད་ཀྱི་ཆེད་དུ་ང་ལྟ་བུའི་ལོ་ཙཱ་བ་ཞིག་མེད་ཐབས་མེད། ཐ་ན་གྲོགས་པོས་དབྱིན་ཇི་བ་ཞིག་ལ་དབྱིན་སྐད་བཤད་ཀྱང་། ངས་བོད་སྐད་ཀྱི་ལམ་ནས་ལོ་ཙཱ་བྱེད་དགོས་ཀྱིན་ཡོད། གྲོགས་པོ་ལ་ལོ་ཙཱ་བ་ཞིག་མེད་ཐབས་མེད་པ་ནི། མིའི་ཁོག་པ་ལ་ལྷ་ཞུགས་སྐབས། ལོ་ཙཱ་བ་ཞིག་མེད་ཐབས་མེད་པ་དང་ཤིན་ཏུ་འདྲ། སྤྱིར་བཏང་བྱས་ན། གྲོགས་པོར་ང་ལས་འཐུང་རྩལ་བཟང་བའི་ཆང་འཐུང་བློ་མཐུན་མང་པོ་རག་སྲིད་ཀྱང་། ང་ལྟ་བུའི་ལོ་ཙཱ་བ་ཞིག་ནི་རག་མི་སྲིད་པ་འདྲ་བས། གྲོགས་པོས་ཆང་ནམ་འཐུང་ལ་ང་བོས་ཡོང་། དེ་བས་ལོ་འདི་དག་གི་རིང་ལ་ངས་ཆང་ཧ་ཅང་མང་པོ་བཏུངས་ཤིང་། གྲོགས་པོས་ཆང་ཁང་གི་ཅོག་ཙེ་ཧ་ཅང་མང་པོ་བཅག
ཉིན་གསུམ་གྱི་སྔོན་དུ་གྲོགས་པོ་ངེད་གཉིས་ཐུག་པ་དང་། གྲོགས་པོས་དགའ་བའི་ཉམས་ཀྱིས་ང་ལ། “ཁྱོད་ད་དུང་ཤི་མི་འདུག”ཟེར།
“གྲོགས་པོ་མེད་ས་ནས་ངས་ཆང་མང་པོ་འཐུང་མ་ཐུབ།” ངས་དེ་ལྟར་རྫུན་བཤད། དོན་དངོས་སུ་ངས་གྲོགས་པོ་མེད་ས་ནས་ཆང་ཧ་ཅང་མང་པོ་འཐུང་ཐུབ་ཡོད། གྲོགས་པོ་མེད་ས་ནས་ངས་གྲོགས་པོའི་སྐད་ཆའི་ཚབ་ཀྱང་ཆང་གིས་བྱེད་དགོས་ཐུག་གིན་ཡོད་པས། གྲོགས་པོ་ཡོད་པ་ལས་ཀྱང་ཉིས་ལྡབ་ཀྱིས་མང་བ་འཐུང་ཐུབ་ཡོད།
“ང་ནི་ཡུལ་ཐག་རིང་ཞིག་ཏུ་འགྲོ་དགོས་ཐུག་བྱུང་།” གྲོགས་པོས་དེ་སྐད་ཟེར། ཟླ་བ་གཉིས་རིང་ལ་གྲོགས་པོས་ང་རང་ཆང་འཐུང་དུ་གཏན་ནས་བོས་མ་བྱུང་བ་ནི། གྲོགས་པོ་ཡུལ་ཐག་རིང་ཞིག་ལ་འགྲོ་དགོས་ཐུག་སོང་བས་ཡིན་འདུག
ངེད་གཉིས་དེ་ལྟར་ཁ་བརྡ་བྱེད་ཞོར། གྲོགས་པོས་ཅོག་ཙེ་ཐེངས་མང་བཅག་མྱོང་སའི་ཆང་ཁང་དེར་ཆས། ཆང་ཁང་བདག་པོས་ངེད་གཉིས་ལ་ཞལ་འཛུམ་ཞིག་བསྟན་གནང་སྟེ། ཅོག་ཙེ་གསར་རྐྱང་ཞིག་ལ་ཕྱག་མཛུབ་བཙུགས་ནས། “བཞུགས་ཤིག་བཞུགས་ཤིག་དེར་བཞུགས་ཤིག”ཟེར། ཕར་བལྟས་ན། ཆང་ཁང་བདག་པོ་ཧ་ཅང་ཐུགས་མཉེས་ཡོད་པའི་བཟོ་ལྟ་འདུག
འདས་ཟིན་པའི་དུས་ཚོད་དེ་དག་གི་རིང་། གྲོགས་པོས་ཆང་ཁང་འདི་ནས་ཅོག་ཙེ་ཧ་ཅང་མང་པོ་བཅག་ཡོད། འོན་ཀྱང་ཆང་ཁང་བདག་པོས་གྲོགས་པོར་དངོས་སུ་དགའ་བསུ་ཞུས་མ་མྱོང་ཡང་། དགག་པ་ནི་གཏན་ནས་བརྒྱབ་གནང་མ་མྱོང་། དེ་ནི་གྲོགས་པོ་ཆང་ཁང་འདིར་ཇི་ཙམ་མང་བ་ཡོང་ན། དེ་ཙམ་གྲོགས་པོའི་ཁུ་ཚུར་གཞུ་སྟངས་ལྟ་རུ་ཡོང་མཁན་གྱི་ཆང་པ་འགུག་ཐུབ་ལ། ཇི་ཙམ་ཆང་པ་མང་བ་འགུག་ཐུབ་པ་དེ་ཙམ་ར་བཟི་མང་བ་བསྐྲུན་ཐུབ་ཅིང་། ཇི་ཙམ་ར་བཟི་མང་བ་བསྐྲུན་ཐུབ་པ་དེ་ཚོད་ཀྱིས་ཆང་ཁང་བདག་པོས་ཡོང་འབབ་མང་བ་གསོགས་ཐུབ་པ་ཡིན་པས། གྲོགས་པོས་ཅོག་ཙེ་རེ་བཅག་ཚར་བའི་ཉིན་རྗེས་མ་དེ་ག་རང་ལ། ཆང་ཁང་བདག་པོས་ཅོག་ཙེ་གསར་པ་རེ་གྲ་སྒྲིག་གནང་སྟེ། ཞལ་འཛུམ་མེར་རེར་གྲོགས་པོས་ཁུ་ཚུར་གཞུ་རྒྱུར་བསྒུགས་འདུག
ངེད་གཉིས་ཅོག་ཙེ་གསར་པ་དེའི་མཐའ་བསྐོར་ནས་བསྡད་མ་ཐག གྲོགས་པོས། “ང་ཡུལ་ཐག་རིང་ཞིག་ཏུ་སོང་བ་ནི་ཆང་བཏུང་བའི་ཆེད་དུའོ། །”ཟེར། ངས་ཧ་མ་གོ་བའི་རྣམ་འགྱུར་བསྟན་པ་ལ་གྲོགས་པོས་གསལ་བཤད་ཀྱི་ཚུལ་དུ། “ལུང་པ་དེར་ཆུ་ལས་ཆང་འབེལ་བ་ཡོད་ཚུལ་ཐོས་པས། ང་རང་གནམ་གྲུར་བསྡད་དེ་ལུས་ཕུང་ཆང་ལ་སྦང་དུ་ཕྱིན་པའོ། །”ཟེར།
“དེ་ལྟར་ན། ཁྱོད་ཡུལ་དེར་མི་སྡོད་པར་འདིར་ལོག་ཤོག་ཟེར་མཁན་འདུག་གམ།” གྲོགས་པོ་ངེད་གཉིས་ལ་རྒྱབ་སྤྲོད་བྱས་ནས་བསྡད་ཡོད་པའི་ར་བཟི་དེས། ཁ་སྐྱུར་དྲི་ཕལ་ལེར་གྲོགས་པོ་ལ་སྐྱོན་བརྗོད་བྱས།
གྲོགས་པོས་ར་བཟི་དེར། “Shut up”ཞེས་དབྱིན་སྐད་བརྒྱབ་ནས་ལན་བཏབ། དེ་མ་ཐག་ར་བཟི་དེ་རང་གི་འདུག་སྟེགས་ནས་ལངས་སོང་། ཁོས་ལག་གཡས་པར་ཆང་གི་ཤེལ་དམ་བཟུང་སྟེ་འཁྱར་འཁྱོར་ངང་། གྲོགས་པོ་ངེད་གཉིས་འགྲམ་གྱི་རྐུབ་བཀྱགས་སྟོང་པ་དེར་ལིང་ངེར་བསྡད། ར་བཟིས་མིག་འབྱེད་མ་ཟུམ་དང་ཁ་ད་མ་དིག་གིས་གྲོགས་པོའི་གདོང་ལ་སྡིགས་མཛུབ་ཀེར་ཏེ། “ཁྱོད་དང་་་་ཆང་ཁང་་་་སྦྱིན་བདག་གི་་་་ཆུང་མའི་གསང་བ་དེ་་་་་་གཅིག་ཤོད་དང”ཟེར། ར་བཟིའི་དྲི་བས་གྲོགས་པོ་ལ་དོགས་མི་བདེ་བ་ཆེན་པོ་བཟོས་ཡོད་པ་འདྲ། གྲོགས་པོའི་མཆུ་ཏོ་ངའི་ཨ་མཆོག་གི་ཉེ་འགྲམ་དུ་བསྲིངས་ཡོང་སྟེ། “དེ་རིང་ངའི་ཀླད་པས་ལས་ཀ་ཡག་པོ་བྱེད་ཀྱིན་མི་འདུག་གོ །”ཟེར།
ངས་ཆང་ཁང་བདག་པོའི་ཕྱོགས་སུ་བལྟས་པ་ན། ཁོ་ནི་དངུལ་སྒོར་གྲངས་གཤེར་ལ་གཡེངས་འདུག གྲོགས་པོས་ངའི་མིག་ལམ་གྱི་རྗེས་འདེད་ནས་གནས་སྟངས་དེ་མཐོང་རྗེས་གཞི་ནས་དབུགས་རིང་པོ་ཞིག་བཏང་སོང་། འོན་ཀྱང་མདུན་གྱི་ར་བཟི་དེས་བསྙད་བརྐོ་མཚམས་འཇོག་རྩིས་མི་འདུག ཁོས་གྲོགས་པོའི་གདོང་ལ་མཛུབ་མོ་ཀེར་ཏེ། “ཁྱོས་་་་་བླ་མ་གཤམ་ཐབས་་་་་་དཀར་པོའི་་་་་བདག་མོ་ཡང་་་་་་ཡང་་་་་་མནན་པ་རེད་་་་་་ཟེར་བ་བདེན་ནམ”ཟེར།
ང་ལ་མཚོན་ན་མཚན་མོ་གཡར་ཁང་ནང་དུ་ལོག་རྗེས། ཉལ་ཁྲིའི་སྟེང་ཕྲེད་ཉལ་བརྒྱབ་སྟེ། ཉིན་གང་གི་མཐོང་ཐོས་རྣམས་ལ་དགག་སྒྲུབ་བྱེད་དགོས་ཡོད་པས། ར་བཟི་བས་དྲི་བ་ཇི་ཙམ་ཚ་རུ་བཏང་པ་དེ་ཙམ་གྱི་སྤྲོ་སྣང་ཤུགས་ཆེ་རུ་འགྲོ་གིན་འདུག འོན་ཀྱང་གྲོགས་པོ་ནི་ར་བཟི་བའི་ཉོག་བཤད་དེ་དག་གིས་ཧ་ཅང་སྟབས་མི་བདེ་བར་འགྱུར་ཡོད་པ་འདྲ། གྲོགས་པོས་ཡང་བསྐྱར་ངའི་ཨ་མཆོག་གི་མགྲམ་དུ་མཆུ་ཏོ་བསྲིངས་ཡོང་སྟེ། “ར་བཟི་འདིས་ཤིན་ཏུ་བསུན་པོ་བཟོ་བར་འདུག་གོ །”ཟེར་ཏེ། ངས་ར་བཟི་དེ་འདི་ནས་བདའ་དགོས་པའི་རྣམ་འགྱུར་བསྟན་བྱུང་། ངས་ཀྱང་གྲོགས་པོའི་བཀའ་བཞིན་ར་བཟི་དེར་བཤད་དོན། “ཁྱོས་སྤྱིར་བཏང་སྐྱུར་འགོང་བཤད་ན་ཆོག་གི འོན་ཀྱང་གྲོགས་པོ་ལ་སྐྱུར་འགོང་བཤད་མི་ཆོག”ཅེས་བཤད། ར་བཟི་དེ་དེ་བས་ངར་དུ་ཕྱིན་སོང་། ཞིབ་ཏུ་བསམས་ན། ངའི་སྐད་ཆ་དེ་ཁོའི་ཁོང་ཁྲོའི་མེ་ལྕེ་ལ་ས་སྣུམ་ལྟར་གྱུར་ཡོད་པ་འདྲ། ཁོས་ང་ལ་འཁྱུག་ལྟ་ཞིག་བྱས་རྗེས་ཁྲེལ་དགོད་དང་བཅས་སླར་ཡང་གྲོགས་པོའི་ངོ་ལ་སྡིགས་མཛུབ་ཀེར་ནས། “སྐྱག་སྐྱག་་་་་པའི་གྲོགས་པོ། ངས་ཁྱོད་་་་་་སྐྱག་་་སྐྱག་་པའི་་་་དཔེ་རུ་འགོད་་་་་ཀྱི་་ཡིན། གཤམ་ཐབས་་་་་དཀར་དཀར་་་་པོའི་ཆོས་ཆོས་་་་ལུགས་་་ནི་་་ཆོས་ལོག་རེད།” ཟེར། ད་ནི་གྲོགས་པོ་ཡང་ཞེ་སྡང་ལང་རྩིས་བྱེད་ཀྱིན་ཡོད་པ་འདྲ། ཁོས་ངོ་མདོག་དམར་པོར་གྱུར་ཅིང་འགྲམ་ཤ་ལྷུག་ལྷུག་ཏུ་འདར་གྱིན་འདུག གྲོགས་པོས་སྐད་སྒྲ་དྲག་པོས། “ངེད་གཉིས་ལ་ཆང་དྲངས་མི་ཡོང་དོན་ཅི་རེད། ང་ཚོ་འདིར་ཅོག་ཙེ་བལྟ་རུ་ཡོང་མེད་དོ། །”ཞེས་བཤད་པས། སྦྱིན་བདག་ནི་ཞབས་གཡོག་མ་ལའང་སྒུག་ལོངས་མ་བྱུང་བར། ཆང་ཤེལ་དམ་ཆེན་པོ་གང་དང་བཅས་གཉའ་ཞུམ་ཞུམ་འཛུམ་དམུལ་དམུལ་གྱིས་ང་ཚོའི་སར་རྒྱུགས་ཡོང་སྟེ། གྲོགས་པོ་ངེད་གཉིས་ཀྱི་མདུན་དུ་ཤེལ་ཕོར་གཉིས་ཐག་སྒྲ་དང་བཅས་བཞག་རྗེས་ཆང་ཤག་ཤག་ཏུ་བླུགས། དེ་མ་ཐག་གྲོགས་པོས་དབུགས་གཏོང་ཁོམ་ཡང་མེད་པར་སྒག་སྒྲ་དང་བཅས་ཤེལ་ཕོར་དེ་སྟོང་པར་བཏང་། གྲོགས་པོས་དེ་ལྟར་མུ་མཐུད་དེ་ཤེལ་ཕོར་ལན་གསུམ་གྱི་བར་དུ་སྟོང་པར་བཏང་། ངས་ཀྱང་གྲོགས་པོ་ལ་མིག་དཔེ་བལྟས་ཏེ་ཤེལ་ཕོར་ལན་གསུམ་སྟོང་པར་བཏང་། ར་བཟི་དེས་ངེད་གཉིས་ལ་བལྟས་ཏེ། “ཧ་ཧ། ཞབས་་་ཞབས་དག་རྒྱག་་་ཤེས་ཤེས་་་་ཀྱིན་མི་འདུག ཞབས་་དག་རྒྱག་་་མི་མི་ཤེས་མཁན་་་ཚོར་་ཅོག་་་ཅོག་ཙེ་་་་གསར་པ་་་བཤམས་པ་་་འདི་འདི་དྲང་བདེན་་་་མ་རེད”ཟེར།
ངའི་མགོ་བོ་ཡོམ་ཡོམ་དུ་འཁོར་འགོ་ཚུགས་སོང་། ངའི་ཀླད་པའི་ནང་མེ་སྟག་མཆེད་ཡོང་། ར་བཟི་དེས་ང་ལ‘ཞབས་དག’རྒྱག་མི་ཤེས་ཚུལ་བཤད་པ་ནི་བཟོད་སྒོམ་བྱེད་ཐུབ་པ་ཞིག་མ་རེད། ངས་ནི་ང་རང་ཞབས་དག་ལ་ཧ་ཅང་མཁས་པ་ཞིག་ཡིན་བསམས་ཡོད་ཀྱང་། ད་ཆ་ར་བཟི་ཐ་ཆད་ཅིག་གིས་ངས་ཞབས་དག་རྒྱག་མི་ཤེས་ཚུལ་ཉེས་འཛུགས་བྱས་ཡོང་ན། ཁ་བཙུམས་ནས་འདུག་ཐབས་ག་ལ་ཡོད། དེ་བས་ང་རང་རྐུབ་བཀྱགས་ནས་ཡར་ལངས་ཏེ་ཁོང་ཁྲོ་དང་བཅས། “ཞབས་དག་རྒྱག་མི་ཤེས་ཚུལ་གྱི་ཚིག་དེ་ཕྱིར་འཐེན་བྱེད་དགོས་ཡོད།”ཅེས་བཤད།
ར་བཟི་དེ་ཡང་རྐུབ་བཀྱགས་ལས་འཁྱར་འཁྱོར་དུ་ལངས་ཡོང་སྟེ། ”འོ་་་་ན། ཚིག་་་ཚིག་དེའི་ཚབ་་་་ཏུ། གྲྭ་ལོག ལྟ་་་་་ལོག ཨིག་་་”ཅེས་སྐྱིགས་བུ་ཞིག་བརྒྱབ་སྟེ་སྐད་ཆའི་མཇུག་བསྡུས་ཏེ། རྐུབ་བཀྱགས་སྟེང་ལིང་ངེར་བསྡད་བཞག་སོང་། ཁོས་ངའི་སྐད་ཆ་ལ་གནས་ལུགས་མཐོང་སྟེ། ཞབས་དག་རྒྱག་མི་ཤེས་ཚུལ་གྱི་ཚིག་དེ་ཕྱིར་འཐེན་བྱས་ཟིན་པས། ཚོགས་དུས་དེའི་ཁྲོད་ངས་རྒྱལ་ཁ་བླངས་པ་སྨོས་མི་དགོས། དེ་བས་ངའི་ཁོང་ཁྲོ་ཡང་ཞི་བར་གྱུར། འོན་ཀྱང་གྲོགས་པོ་ནི་དགོངས་པ་དྭངས་མེད་པ་འདྲ། ཁོས་ཆང་ཤེལ་ཕོར་གང་ཧབ་འཐུང་བརྒྱབ། ངོ་གདོང་དམར་སྨུག་ཅན་དུ་བཅོས། ལུས་ཕུང་ཡོངས་རྫོགས་ཁྲུག་ཁྲུག་ཏུ་འདར། ཁ་ཤ་ལྷུག་ལྷུག་དང་ཁ་ཆུ་འཛར་འཛར་ངང་། “You are དམ་ཉམས། criticised you གཤམ་ཐབསདཀར་པོ། Religion. You m***r f***er” སོགས་བཤད་དེ་སྐད་སྒྲ་དྲག་པོ་བརྒྱབ། ཚུལ་དེ་ནི་མི་ཞིག་གི་ཁོག་པ་ལ་ལྷ་ཞུགས་པ་དང་ཤིན་ཏུ་འདྲ། སྐབས་དེར་ཆང་ཁང་ནང་གི་ར་བཟི་གཞན་རྣམས་ཀྱང་གྲོགས་པོའི་མཐའ་འཁོར་ན་རུབ་རུབ་བྱས་འདུག ད་ཚོད་ངས་གཟི་བརྗིད་ངོམས་རན་ཡོད་དེ། ངས་ལོ་ཙཱ་མ་བྱས་ན། མཐའ་འཁོར་ན་རུབ་རུབ་བྱས་ཡོད་པའི་ར་བཟི་རྣམས་ནི། གྲོགས་པོའི་ཁ་ཆུ་གདོང་ལ་བཟེད་ནས་འདུག་རྒྱུ་རེད། དེ་བས་ངས་སྐད་འབོམ་པོ་བརྒྱབ་ནས་ཆང་ཁང་གི་ཞབས་གཡོག་མ་ཞིག་མདུན་དུ་བོས་ནས། “ང་ལ་བརྙན་བླངས་ཏེ་དྲི་བ་དྲིས་ཤིག ངས་ར་བཟི་རྣམས་ལ་གྲོགས་པོའི་གསུང་གི་དགོངས་པ་བཀྲལ་དགོས་ཡོད་དོ། །”ཞེས་བསྒྲགས། ར་བཟི་རྣམས་ནི་ངའི་ཁ་ལ་ཅེར་ནས་ལུས་འདུག

་་་་་་་མཇུག་རྫོགས་མེད།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *