ཧོར་གཙང་འཇིགས་མེད་ཀྱི་སྙན་ངག་གསར་པ།
རྩོམ་ཡིག་འདི་ཐེངས་ 17 བཀླགས་འདུག
སེང་སྡེང་ནགས་ཀྱི་སྒྲོལ་མ།
ཧོར་གཙང་འཇིགས་མེད།
ཆུ་ལུད་དྲོད་ཀྱིས་བསྐྱངས་པར་མ་བྱས་སྨོན་པ་དཀར་བོས་བསྐྱེད་པའི་ནགས། །
བསུང་ཞིམ་སྨན་གྱི་སྦྱོར་བ་མ་སྡེབས་བསོད་ནམས་སྤྲིན་ཕུང་འཐུལ་བའི་གཞི། །
དབང་མེད་ལས་ཀྱིས་འཕངས་པ་མིན་པར་བྱ་དང་རི་དྭགས་རྩེན་པའི་ཀློང་། །
ལེགས་པར་བྱས་པའི་རྒྱུ་ཚོགས་སྟོབས་ཀྱིས་ཡེ་ཤེས་རང་སྣང་འཕྲུལ་བའི་ཞིང་། །
གཞོན་ཞིང་མཉེན་པའི་ཞབས་ཀྱི་སོར་མོས་ཞོགས་ལྗོངས་འདབ་ལོའི་བསིལ་བ་འཕྲོལ། །
འབྱུང་ཁམས་སོར་མོས་ཐགས་སུ་བསྐྲུན་པའི་ཤིང་ཤུན་ལྡ་ལྡིས་གསང་གནས་བཀབ། །
བརླན་ཞིང་ནེམ་པའི་འདབ་མའི་ཁེབས་ཀྱིས་འབུར་གཟུགས་བྲང་གི་ལང་ཚོ་གཡོགས། །
བཅུ་དྲུག་སྦྲང་རྩིའི་ཟིལ་མངར་ཆགས་པའི་སེང་སྡེང་ནགས་ཀྱི་སྒྱུ་འཕྲུལ་མ། །
དཔའ་རྒོད་སུས་ཀྱང་རེག་པར་མ་ཕོད་མཐིང་མདོག་འོད་ཀྱིས་སྣུམ་པའི་སྐྲ། །
འདོད་ལྷའི་མཐུས་ཀྱང་རྔུབ་པར་མ་ནུས་ཁ་རླངས་མེ་ཏོག་སར་བའི་དྲི། །
དྲེག་ལྡན་རྒྱལ་བློན་སུ་ལ་སྣང་ན་ཁེངས་པའི་རྩྭ་སྐྱ་གཞོམ་བྱེད་པ། །
རོ་འཛིན་ལྐུག་པའི་དཔལ་དུ་སྒྲུབ་པའི་མཛེས་སྡུག་སྙིང་བོ་བསྡུས་པའི་ཞལ། །
མ་བཅོས་རང་བྱུང་བྲག་གི་སྐྱིབས་སུ་ཏིང་འཛིན་པིར་གྱིས་བྲིས་པ་བཞིན། །
གཡུ་ཞུན་བཀྲུས་པའི་འདབ་ལོའི་གསེབ་ཏུ་འདོད་ལྷ་དཀྲོགས་པའི་མིག་འཕྲུལ་བཞིན། །
མི་མེད་དབེན་པའི་མཁའ་དབུགས་ཁྲོད་ན་ཨུཏྤལ་འདབ་མ་གཡོ་བའི་གཟུགས། །
ཐབས་འཕྲུལ་སྒྱུ་རྩལ་སྟོང་གི་བདག་ཉིད་ཁྲོ་ཆགས་ཞི་བའི་ཉམས་ལྡན་མ། །
དཔག་མེད་བསྐལ་བའི་སྔོན་གྱི་སྒྲུང་གིས་སེམས་ཀྱི་ཞིང་ལ་ཁྱེད་ཉིད་བཏབ། །
སྲས་མོ་ཡེ་ཤེས་ཟླ་བའི་སྣང་བརྙན་འཚར་ལོངས་ཁྲོད་ཀྱི་སེམས་རྟེན་ཏེ། །
ངག་རྩལ་མཚོན་མདངས་སྣུམ་པོས་བྲིས་པ་ཁྱོད་ཉིད་ཡིད་ལ་དྲན་པས་ཀྱང་། །
འཇིགས་རུང་ཉམ་ངའི་གཡང་ལས་སྒྲོལ་བའི་སྒྲོལ་མ་མྱུར་མོ་དཔལ་མོ་ཆེ། །
སྐྱེ་རྒ་ན་འཆིའི་རྦབ་ཀློང་ཁྲོད་དུ་བདེ་འདོད་རེ་བས་དྲངས་གྱུར་ཏེ། །
ཤུགས་དྲག་རྩོལ་བས་ངལ་བ་བསྟེན་ཀྱང་བྱེ་མར་བཏབ་པའི་འཆང་བུ་བཞིན། །
རྒྱལ་ཕམ་རྣོ་དབལ་འཐབ་པའི་བར་དུ་ཞི་བསིལ་སྣང་བས་དབུགས་དབྱུང་བ། །
བསླུ་བ་མེད་པ་གཏན་གྱི་སྐྱབས་གནས་སངས་རྒྱས་ཏཱ་རེ་དཔལ་མོ་མཆོག །
ཆོས་ཉིད་གཤིས་ཀྱི་སྟོང་གསལ་ཀློང་དུ་སྐྱབས་དང་སྐྱོབ་པ་མ་མཆིས་ཀྱང་། །
རྣམ་རྟོག་འཕྲུལ་བའི་འཆར་ངོས་དེ་ན་བདེ་སྡུག་རི་མོ་མངོན་འགྱུ་བས། །
ཕོ་དབང་རྒྱལ་ཁམས་སྐྱོབས་པའི་ཐབས་སུ་ལྷ་མོའི་སྐུ་ཡི་སྒྱུ་འཕྲུལ་ཅན། །
རབ་འབྱམས་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་ཡི་དམ་འཕགས་མ་སྒྲོལ་མ་ཆེ། །
བྱིས་པའི་དུས་སུ་མ་མའི་ཟོལ་གྱིས་ཚེ་བསོད་རིག་པའི་ནུ་ཞོ་སྦྱིན། །
གཞོན་ནུའི་ཚེ་ན་རྩེད་གྲོགས་རྣམ་པས་སྣ་མང་བློ་ཡི་སྒོ་མོ་འབྱེད། །
དར་ལ་བབ་ཚེ་གྲོགས་མོའི་ཚུལ་གྱིས་ངན་རེངས་ལས་ཀྱི་གཡང་ལས་སྐྱོབ། །
མེལ་ཚེ་བྱ་རས་ཉིན་མཚན་སྦྲེལ་བའི་སྲུང་མ་རྗེ་བཙུན་སྒྲོམ་ལ་མཆོག །
ཕམ་དང་རྒུད་པས་མནར་བར་གྱུར་ཚེ་མཛའ་བ་དྲོན་མོ་སྔར་ལས་འཕེལ། །
འཕྱ་སྨོད་མི་ཁས་གཙབས་པར་བྱས་ཚེ་ཉེ་ནས་ཉེ་བའི་སེམས་པ་གླན། །
ཁྲིམས་དང་བུ་ལོན་ནག་པོས་བསྡིགས་ན་ཡོད་ཚད་གཏོང་བའི་ཕོད་པ་ཅན། །
བྱམས་བརྩེ་ནམ་ཡང་ལྷོད་པ་མེད་པའི་ཨ་མ་རྗེ་བཙུན་སྒྲོལ་མ་མཆོག །
མཛའ་བའི་གཉེན་གྱིས་བོར་བའི་ཚེ་ན་ཞི་བསིལ་སྤྱན་རས་འོད་ཀྱིས་བསུ། །
འདོད་སྲེད་ཚོར་བས་མནར་བའི་དུས་སུ་སེམས་འགྱུའི་ཀློང་ནས་ཚིམ་པ་འཇོ། །
རབ་རིབ་ཡིད་ཁམས་ཉོག་པོར་གྱུར་ཚེ་འཇོལ་མོའི་གདངས་ཀྱིས་སངས་པར་བྱེད། །
མནོག་ཆུང་ཕལ་བའི་གཤིས་ལ་འཇུག་པའི་དགའ་མ་ཆུ་སྐྱེས་ཞལ་འཛིན་མ། །
དང་བའི་ཡིད་ཀྱིས་བསྟེན་པར་བྱས་པས་བུ་དང་ནོར་གྱི་འདོད་པ་འཇོ། །
ལྷད་མེད་རྩེ་གཅིག་སྣང་བ་བསྲེས་པས་ལུས་དང་དྲི་མ་བཞིན་དུ་འགྲོགས། །
དམ་ཚིག་རྡོ་རྗེའི་མདུད་རྒྱ་བཏབ་པས་ཚེ་རབས་ཕྲེང་བར་རྗེས་སུ་འཛིན། །
གཞུང་བཟང་ཁྲེལ་ཡོད་ཕྱི་ཐག་རིང་བའི་ཆུང་མ་མར་གད་མདོག་ཅན་མ། །
ཤེས་རབ་ཨ་མ་གཅིག་ལས་གྲོལ་ཕྱིར་རུས་ཀྱིས་མཛའ་བ་དམར་མོས་བཅངས། །
བྱང་ཆེན་བཤུལ་རིང་ལམ་ནས་འཕྲད་པས་སྐྱིད་དང་སྡུག་གི་ཞེ་འདང་ཟབ། །
ཚེ་བསོད་ཞིང་ས་མཉམ་དུ་རྨོས་པས་བཀྲེས་སྐོམ་འཇིགས་པ་ཉེ་བར་ཞི། །
ཁེར་བཞུད་མིང་བོའི་ཡོད་ཚད་རྟོགས་པའི་སྲིང་མོ་ཟླ་བའི་ཞལ་འཛིན་མ། །
མི་ལོ་ལྔ་ཡི་སྒོ་ཐེམ་བརྒལ་དུས་ཁྱོད་ཉིད་སེམས་ཀྱི་ཀློང་དུ་འབུས། །
རྐང་ཡས་སྒྲོལ་མས་ཚེ་སྲོག་བསྐྱབས་པའི་གནའ་བོའི་གཏམ་གྱིས་སེམས་པ་བསྒུལ། །
འགྲེལ་བརྗོད་བྲལ་བའི་ཡིད་ཆེས་ཤིག་གིས་ཡོད་ཚད་ཁྱོད་ལ་བཅོལ་བར་ཕོད། །
དབང་རྣོན་བྱིས་པའི་ཁམས་ལ་འཕྲོད་པའི་དབང་བརྟུལ་དད་པའི་ཆུ་མགོ་བརྡོལ། །
རྟགས་དང་མཚན་མ་ངན་པ་ཚོར་དུས་བླ་སྲོག་བཅོལ་ས་ཁྱོད་ཉིད་ཡིན། །
འཇིགས་རུང་མཚན་གྱི་རྨི་ལམ་འཁྲུགས་ཀྱང་ལས་དབང་སྙེས་ས་ཁྱོད་ཉིད་དེ། །
ཉིན་ཞགས་ཕྲུགས་ཀྱི་འཚོ་བའི་ཡོ་ལང་ཁྱོད་དང་ལྷན་ཅིག་སྐྱོམ་བྱས་ཏེ། །
དཀའ་སྡུག་མི་ཚེའི་འཕྲང་རིང་བགྲོད་པའི་གསོན་ཤུགས་རེ་བ་ཁྱོད་ལས་བྱུང་། །
སྟོབས་དང་དཔུང་གི་རྔམ་གྱིས་བསྡིགས་ཀྱང་གཡུལ་གྱི་ས་ན་ཨམ་གཙིགས་སྡོམ། །
སྲོག་ལ་བསྙབས་པའི་གནག་སེམས་སྦྱར་ཀྱང་འཚོ་བའི་ཀློང་ན་མགོ་འཕང་མཐོ། །
བརྫུན་སྒྲུང་ནག་པོས་གཞོམ་པར་བརྩམས་ཀྱང་བྲག་གི་རི་བོར་རླབས་ལྩེ་བཞིན། །
ཁྱོད་དང་ཨ་མའི་ལྷད་མེད་བརྩེ་བས་གཞིག་ཏུ་མེད་པའི་གསོན་ཤུགས་བསྩལ། །
མི་ཡི་སྲོལ་དང་ཁྲིམས་ཀྱིས་གཅུན་ཀྱང་གཤིས་ཀྱི་རང་བཞིན་སྲོག་ཆགས་ཏེ། །
ཆོས་དང་བསླབ་བྱས་སྤྱོད་ལམ་བཅོས་ཀྱང་རྐྱེན་དང་འཕྲད་ན་དམུ་རྒོད་དེ། །
འབྱུང་བཞིས་བསྐྲུན་པའི་ཤ་ཁྲག་རུས་གསུམ་ཁྲིམས་ཀྱིས་རྒྱ་ལས་འདས་པ་སྟེ། །
འདོད་ཡོན་རྣམ་ལྔའི་སྙིང་བོར་ཞེན་པ་འབྱུང་ཁམས་ཆེན་པོའི་ལེགས་སྐྱེས་ཡིན། །
འདིར་སྣང་གློག་བརྙན་འཁྲུག་པོའི་ལྗོངས་སུ་ཆགས་སྡང་ཆང་ལ་སྤྱོད་ཉེས་པས། །
ཚུལ་ལུགས་མིན་པའི་ཡིད་བྱེད་རླུང་གིས་སྒྲོ་སྐུར་ཁྱད་དུ་བསད་པ་སོགས། །
བཅོལ་ཆུང་བྱིས་པའི་ངང་ཚུལ་གཟིགས་ཏེ་སེམས་ཀྱི་དར་དཀར་འདི་བཞེས་ཏེ། །
སླར་ཡང་མདུན་ལྗོངས་མུན་པའི་ཁམས་སུ་སྣང་བའི་སྒྲོན་མེ་བསྩལ་ཏུ་གསོལ། །
༢༠༢༤།༩།༡ ཉིན།
ཡོང་ཁུངས་སྙན་ངག་པ་ཧོར་གཙང་འཇིགས་མེད་ཀྱི་ངོ་དེབ།
བསམ་ཚུལ་ཕྲིས།