༄༅། །དེང་གི་རྒྱུན་སྤྱོད་རྟེན་འབྲེལ་ཞུ་ཞེས་པའི་སྐད་བརྡ་ལ་དཔྱད་པ།

རྩོམ་ཡིག་འདི་ཐེངས་ 310 བཀླགས་འདུག

ཁྱུང་ཕྲུག་བློ་བཟང་དར་རྒྱས།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་དེང་གི་བོད་ཀྱི་དམངས་སྲོལ་དུ་རྒྱུན་ལྡན་དར་འཕེལ་དུ་འགྲོ་བའི་སྐད་བརྡའི་ནང་རྟེན་འབྲེལ་ཞུ་ཞེས་ཁ་ནས་སྨྲ་བ་དང་ལག་གིས་བྲི་བ་འབྱམས་ཀླས་སུ་གྱུར་དང་འགྱུར་བཞིན་པ་ལ། ཁོ་བོས་རེ་ཞིག་སྐད་ཆ་དེ་ཉིད་ཀྱི་ཁུངས་དང་ངོ་བོ། གྲུབ་ཆ་བཅས་ལ་རྣམ་པར་དཔྱད་པ་དང་འབྲེལ་མིང་བརྡ་དེ་ཉིད་ཀྱི་དོན་ནི། ལེགས་ཤིང་ཕུན་སུམ་ཚོགས་པ་ཁོ་ན་ཞིག་གི་དོན་དུ་འཇུག་པ་ཞིག་མིན་པས་དེ་འདྲའི་ཤིས་ཚིག་དེ་ནི་ཡུལ་གྱི་བསྟན་དོན་ཆ་མི་ཚང་ཞིང་ཚིག་གི་སྦྱོར་བ་འོས་ཤིང་འཚམས་པ་མིན་པར་མཐོང་། དེས་ན། རྟེན་འབྲེལ་ལེགས་དང་། རྟེན་འབྲེལ་ཡག་ཅེས་པ་ལྟ་བུར་བསྒྱུར་ན་བོད་རང་གི་རིག་གཞུང་གི་རྐང་དང་འགྲིགས་ཤིང་སྐད་ཆའི་སྤྱི་འགྲོས་ལའང་མཐུན་ན། དེ་དང་དེ་མཚུངས་ཀྱི་སྐད་བརྡ་མང་བོ་ཞིག་ཀྱང་དོན་གྱི་གོ་བས་ཚིག་ལ་དག་འདོན་པ་འདི་ནི་རིགས་པ་དང་སྒྱུ་རྩལ་གང་ལའང་མེད་དུ་མི་རུང་བ་ཡིན་པར་གཏན་ཚིགས་ཀྱི་ལམ་ནས་དཔྱད་འཇོག་བྱས་ཡོད།

[བརྡ་ཆད་གཙོ་བོ།] རྟེན་འབྲེལ། རྟེན་འབྱུང་། རྟེན་འབྲེལ་ཞུ། རྟེན་འབྲེལ་ལེགས། རྟེན་འབྲེལ་ཡག །

དང་པོ། ཐོག་མའི་མཚམས་སྦྱར་པ།

དེ་ཡང་སྐད་ཆའི་ཁོར་ཡུག་དང་འཕེལ་འགྲིབ་ནི་མིང་བརྡའི་གོ་དོན་རྣམ་དག་ཏུ་འགྲེལ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། མིང་བརྡ་དེ་ཡང་སྐད་ཆའི་ནང་དོན་གྱི་རྨང་གཞི་འགྲུབ་བྱེད་ཀྱི་ཆ་ཤས་ཤིག་དང་གལ་ཆེན་གྱི་ཕྱོགས་ཤིག་ཡིན་པས་སྐད་ཁོངས་ནང་གནས་ཤིང་གྲུབ་པ་མ་ཟད་རིག་པའི་གཞུང་ལུགས་ན་ཡང་འཁོད་པར་གྱུར་ཡོད། དེ་ནས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པ་ལ་བརྟེན་ནས་དེ་མཚུངས་སུ་འགྱུར་བའང་སྣ་ཚོགས་ཤིག་བྱུང་། དེ་ལྟར་འཚོ་བའི་འབྲེལ་འདྲིས་ཁྲོད་སྐད་ཁོངས་མི་འདྲ་བའི་དབང་གིས་མིང་བརྡའི་དངོས་ཀྱི་དོན་སྙིང་ལ་ཡང་འགྱུར་ལྡོག་ངང་གིས་འབྱུང་བ་སྨོས་མ་དགོས། དེ་བས་སྐད་ཁོངས་ཀྱི་ཚད་བཀག་རང་བཞིན་གྱིས་མིང་བརྡའི་བཀོལ་སྟངས་སམ་འགྲེལ་ལུགས་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད། དེས་ན་འདིར་གནད་དོན་དེ་ཉིད་གཞིར་བཞག་ནས་དེང་གི་སྐད་ཆའི་གོམས་སྲོལ་དུ་གྱུར་པའི་མིང་བརྡ་ཞིག་སྟེ། དཔེར་ན། རྟེན་འབྲེལ་ཞུ་ཞེས་པ་བཀོལ་སྟངས་ལ་དཔྱད་འཇོག་མདོ་ཙམ་བྱ་རྒྱུ་ཡིན།

གཉིས་པ། རྟེན་འབྲེལ་ཞེས་པའི་མིང་གི་གོ་དོན་སྤྱིར་བཤད་པ།

དེ་ཡང་སྐབས་སུ་བབ་པའི་རྟེན་འབྲེལ་ཞེས་པའི་མིང་བརྡ་འདི་ནི་ཡུལ་གྲུ་འདིར་སྐད་ཆ་དར་བའི་བརྒྱུད་རིམ་ཁྲོད་དུས་དང་མཐུན་པའི་དགོས་མཁོའི་དབང་གིས་རིག་པའི་གནས་མང་པོ་དང་སྒོས་སུ་ནང་དོན་རིག་པ་དར་པའི་འཕེལ་འགྲོས་ལ་བརྟེན་ནས་ཟབ་ཅིང་རྒྱ་ཆེ་བའི་འགྲེལ་བརྗོད་སྣ་ཚོགས་བྱུང་སྟེ་དར་བར་གྱུར་པ་ཡིན་ན། དེ་ནི་འུ་ཅག་གི་ཤེས་རིག་དར་མགོ་ཚུགས་པ་ནས་སྐད་ཆའི་མིང་བརྡའི་གྲུབ་སྟངས་དང་སྒྱུ་རྩལ་གྱི་ཁྱད་ཆོས་དག་རིམ་གྱིས་འཐུས་སྒོ་ཚང་ཞིང་ཇེ་རྒྱས་ཇེ་ལེགས་སུ་སོང་བ་ཡང་ཆོས་ཉིད་རང་བཞིན་དུ་གྱུར་འདུག་གོ །

དེ་ཡང་ཐོག་མར་ནང་རིག་གཞུང་ལུགས་ཀྱི་བརྟེན་ཁུངས་སུ་གྱུར་པ་མདོ་དང་བསྟན་བཅོས་ལས་འབྱུང་ཚུལ་བཤད་ན་སྨོས་ཀྱིས་མི་ལང་བ་ཡོད་པས་འདིར་མཚོན་ཙམ་འགོད་ན་ས་ལུ་ལྗང་པའི་མདོ་ལས། ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ། སྨྲས་པ། རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །[1]ཞེས་གསུངས་པ་ལྟར་རྒྱུ་དང་རྐྱེན་ཚང་མ་ཚོགས་པ་ལ་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱི་དབང་གིས་ཤེས་བྱ་ཀུན་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའམ་བདེན་པར་གྲུབ་པ་མེད་དོ་ཞེས་བདེན་གྲུབ་བམ་རང་བཞིན་གྱིས་གྲུབ་པ་མེད་པའི་དོན་དེ་ནི་རྟེན་འབྱུང་ངམ་རྟེན་འབྲེལ་ཞེས་པའི་དོན་དུ་བཤད་པ་འདི་ནི་སྟོན་པ་གང་ཉིད་སྨྲ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་ཉིད་དུ་མཐོང་ནས་འཕགས་ཡུལ་གྱི་མཁས་པའི་གཙུག་རྒྱན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་རིགས་ཚོགས་དྲུག་སོགས་མགོ་ནས་རྟེན་འབྱུང་ངམ་རྟེན་འབྲེལ་གསུངས་པའི་སྒོ་ནས་བསྟོད་པ་མཛད་ཡོད་དེ། དབུ་མ་རྩ་བ་ཤེས་རབ་ཏུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས་ཀྱང་། གང་གིས་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། རྩོད་ཟློག་ལས་ཀྱང་། གང་གིས་སྟོང་དང་རྟེན་འབྱུང་དང་། །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས་ཀྱང་། གང་གིས་དངོས་པོ་རྟེན་འབྱུང་རྣམས། །ངོ་བོ་མེད་པ་ཉིད་དུ་གསུངས། །ཡེ་ཤེས་མཉམ་མེད་བསམ་མི་ཁྱབ། །དཔེ་མེད་དེ་ལ་ཕྱག་འཚལ་ལོ། །[2]ཞེས་གསུངས་པའི་ཕྱིར།

དེ་དག་ལ་རྗེ་ཙོང་ཁ་པ་ཆེན་པོ(1357-1419)ས་འདི་ལྟར། དང་པོས་རྟེན་འབྱུང་འགག་སོགས་བརྒྱད་དང་བྲལ་བར་མཚུངས་པ་དེ། གཉིས་པས་རྟེན་འབྱུང་ཡིན་པའི་རྒྱུ་མཚན་གྱིས་དེ་དག་དང་བྲལ་བ་དང་། གསུམ་པས་རྟེན་འབྱུང་དང་དབུ་མའི་ལམ་དང་། རང་བཞིན་གྱིས་སྟོང་པ་རྣམས་དོན་གཅིག་པ་དང་། བཞི་པས་རྒྱུ་མཚན་དེས་འགག་སོགས་རང་མཚན་གྱིས་གྲུབ་པའི་ངོ་བོ་དང་བྲལ་བར་བསྟན་ཏོ། །[3]ཞེས་དང་། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་གསུངས་པ་འདི་དག་ནི་མདོ་བསྟན་བཅོས་བྱེ་བའི་ཁུངས་མར་གྱུར་པ་དག་ལས་བསྟན་པའི་རྟེན་འབྲེལ་ལམ་རྟེན་འབྱུང་གི་དོན་གསལ་ཞིང་ཏིག་པོ་ཉིད་དུ་བཀྲལ་བའི་རྨད་དུ་བྱུང་བའི་ཚད་ལྡན་གྱི་ལེགས་བཤད་དེ། དེ་ཡང་ནང་རིག་གཞུང་གི་ཆེས་རྩ་བའམ་སྙིང་པོར་གྱུར་པ་སྟེ་དབུ་མའི་གཞུང་ལུགས་ཀུན་གྱི་ཕྱི་མོ་དང་རྒྱལ་བོར་བསྔགས་པ་རྩ་བ་ཤེས་རབ་ལ་གཏུགས་ནས་འགྲེལ་བ་ཡིན་པ་ཤེས་དགོས། དེས་ན་རྟེན་འབྲེལ་ལམ་རྟེན་འབྱུང་གི་དོན་ནི་གཞུང་ལུགས་རྒྱ་མཚོའི་འཇིངས་པའི་འགྲམ་ངོགས་ཙམ་ལ་མཐོང་ཐོས་ཀྱིས་ཅུང་ཟད་ཙམ་ཡང་མ་བརྒལ་ན། བམ་བཤད་གོ་ཐོབ་མུན་པར་ལག་སྙོབ་ཁོ་ནས་དེ་ཉིད་རང་དགར་ལད་ཟློས་ཀྱིས་སྨྲ་བ་དག་ནི་སྤྲེའུས་ཟློས་གར་འཁྲབ་པ་ཙམ་ལས་མ་འདས་སོ། །

དེ་ཡང་དོན་གྱི་དབང་དེར་དགོངས་ནས་དབུ་ཕར་གྱི་གཞུང་ཆེན་མོ་དག་ན་མཐར་ཆགས་འབྲུ་འདེད་ཀྱི་སྒོ་ནས་རྒྱ་ཆེར་བཀྲལ་བར་སྣང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བར། འདིར་རྟེན་འབྲེལ་གྱི་མཐའ་ཅུང་ཟད་དཔྱད་པ་ལ་བརྒྱད། སྤྱིའི་མཚན་ཉིད། སོ་སོའི་དབྱེ་བསྡུ། རྐྱེན་དུ་འགྱུར་ཚུལ། རང་རང་གི་བྱེད་ལས། ཚེ་དུ་ལ་རྫོགས་པ། ས་མཚུངས་པའི་རྣམ་གཞག །ཇི་ལྟར་བསྒོམ་པའི་ཚུལ། དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །[4]ཞེས་གསུངས་པའི་ས་བཅད་ཆེན་པོ་བརྒྱད་བཀྲམས་ཏེ་གསུངས་པ་འདི་ཉིད་བཀླགས་པ་ཙམ་གྱིས་ཀྱང་དོན་ཟབ་ཅིང་བརླིང་ལ་རྒྱ་ཆེ་བ་ཡིད་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །དེས་ན་ཚིག་ཉུང་ངུ་ཞིག་གིས་གོ་བདེར་བཀྲལ་རུང་བའི་མིང་བརྡ་ཞིག་མིན་པས་གང་འདོད་དུ་སྦྱར་ཆོག་ཆོག་ཅིག་མིན་པ་ཤེས་ན་ལེགས།

དེ་ལྟ་མོད་ཀྱི་ད་དུང་རང་རློམ་པ་འགའ་ཞིག་གིས་སྒྲ་ཚད་ཀྱི་རིག་པའི་གཏིང་ཟབ་མ་མྱུལ་བར་བརྡ་དང་ཐ་སྙད་རྐྱང་བའི་འགྲེལ་བ་རེ་བཙལ་ནས་གཞུང་ལུགས་ཀྱི་དཀའ་གནད་གང་དག་ལ་ཅི་དགར་དཔྱད་འཇོག་ཞིབ་འཇུག་གི་སྔོ་ལོའི་ཁུར་བོ་བདག་གིར་བགྱིས་ནས་ཆོ་ལོ་བརྙེས་པ་དག་ནི། བསེ་ཁྲི་ཆེན་ངག་དབང་བཀྲ་ཤིས(1678-1738)ཀྱི་རྟེན་འབྲེལ་ཆེན་མོར། རྟེན་འབྱུང་གི་སྒྲ་དོན་གྱི་སྐབས་འདིར་བདག་གིས་རྗེ་ཐམས་ཅད་མཁྱེན་པའི་གསུང་གི་དཀའ་གནད་འགའ་ཞིག་སྒྲ་ཚད་ཞིབ་མོར་མ་སྦྱངས་པར་གོ་དཀའ་བར་འདུག་པས་བླུན་པོའི་སྙིང་ཁམས་སྐྱེད་ཉན་ས་མི་འདུག་གོ །[5]ཞེས་གསུངས་པ་ལྟ་བུ་ལས་མ་འདས་པའི་ཕྱིར། དེར་མ་ཟད་དེ་འདྲའི་ཞིབ་འཇུག་པ་དག་ལ་ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ(1728-1791)ཡིས། དེང་དུས་མཁས་རློམ་སྐྱེ་བོ་སྤྱི་བརྟོལ་ཅན། །རྒྱ་ཆེན་གཞུང་ལ་ཡུན་རིང་མ་སྦྱངས་པར། །རྙེད་བཀུར་བསྡུ་ཕྱིར་རྩོམ་པའི་ཟློས་གར་གྱིས། །ངལ་བ་ལྷུར་ལེན་གང་དེ་ཨེ་མ་མཚར། །[6]ཞེས་པ་ཡང་ཁོང་གི་སྐབས་ཐོག་དེར་མཚོན་ན་དེང་སང་གི་དུས་རབས་འདིར་ལྟོས་ཏེ་སྤྱིའི་ཆ་ནས་བོད་རིག་པའི་དབུ་འཕང་དགུང་དུ་རེག་པའི་དུས་སུ་ངེས་པ་ཡིན་ནའང་ད་དུང་ཐུགས་རེ་དེ་ཙམ་མ་ཚིམས་པར་ཡོད་པ་ཤེས་པས། ད་ལྟ་ནི་དེ་ལས་ཀྱང་བརྒྱ་འགྱུར་གྱིས་མི་དོ་བ་སྨོས་མ་དགོས་པ་ཉིད་དོ། །

རྒྱུ་མཚན་འདི་ལ་བརྟེན་ནས་ལེགས་བཤད་གསེར་ཕྲེང་གིས་རྟེན་འབྲེལ་བསྒོམས་པའི་ཕན་ཡོན་བཤད་པའི་ཚེ། གཞུང་དེ་ལས། འཁོར་བར་འཇུག་ལྡོག་ལ་མཁས་ཤིང་དེ་ལ་འདོར་ལེན་བྱས་པས་ལེན་པ་མེད་པར་མྱ་ངན་འདའ་བའོ། །དེ་ལྟ་བུའི་ཡན་ལག་བཅུ་གཉིས་ནི་སྐྱེ་འགག་གི་རྗེས་སུ་གྲུབ་པའི་བདག་ཉིད་དུ་དངོས་པར་སྨྲ་བ་རྣམས་འདོད་ལ། འདིའི་ངང་ཚུལ་སྤྲོས་པའི་མཐའ་བརྒྱད་ཀྱིས་དབེན་པར་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་འོངས་པ་ནི་འདིར་མ་བཀོད་དེ། མིང་ཙམ་ལས་ཀྱང་སྐྲག་པ་སྐྱེ་བར་སྣང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུ་གཞན་ཡང་འདིར་རེ་ཞིག་མ་སྨྲས་སོ། །[7]ཞེས་གསུངས་པ་ལྟར་ཕྱི་རོལ་པ་དག་གིས་རྟེན་འབྲེལ་གྱི་དོན་ལྟ་ཅི། ཐ་སྙད་ཙམ་ཡང་ཁས་བླང་བར་མི་འདོད་ལ། རང་སྡེ་དངོས་པོ་སྨྲ་བ་སྟེ་བྱེ་མདོ་སེམས་ཙམ་པ་གསུམ་པོས་ཀྱང་འདུས་བྱས་རྟེན་འབྲེལ་ཙམ་ལས་འདུས་མ་བྱས་ཀྱི་རྟེན་འབྲེལ་མི་འཇོག་པས་སོ། །རང་སྡེ་དབུ་མ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཚུལ་འདིའི་སྟོང་པ་རྟེན་འབྱུང་གི་དོན་དུ་འགྲོ་བའི་གནས་ལུགས་གང་ཉིད་མིང་ཙམ་ཐོས་ནའང་སྐྲག་པ་སྐྱེ་བར་གསུངས་པ་ཡིན་ནོ། །

དེས་ན་སྔ་དེང་གི་མཁས་པ་མང་པོས་ལེགས་བཤད་གསེར་ཕྲེང་འདི་རྗེ་ཙོང་ཁ་པས་སྐུ་ཚེ་སྟོད་ལ་བརྩམས་པ་ཡིན་པས་སྔ་རབས་པའི་དགག་བྱ་ཁྱབ་ཆེ་བའི་ལྟ་བའི་རྗེས་སུ་འབྲངས་པར་བཤད་པ་ཡོངས་སུ་གྲགས་ནའང་སྐབས་འདིར་རྟེན་འབྲེལ་གྱི་དོན་འཆད་སྐབས་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་ཞལ་འཕངས་མཛད་དེ་རེ་ཞིག་མ་སྨྲས་སོ་ཞེས་པ་འདིས་ནི་ཁོང་གི་སྔ་རྩོམ་ལྟ་བའང་ཕྱི་རྩོམ་དང་མི་འགལ་བར་གོ་འོངས་པར་ཟླ་མེད་མཁས་པ་འགའ་ཞིག་གི་གསུང་སྒྲོས་ན་བཞུགས་པ་ཅིས་ཀྱང་བསམ་པར་འོས་ཏེ་ཞར་བྱུང་དུ་ཞུས་པ་ཙམ་མོ། །

དེ་ཡང་དབུ་མའི་གཞུང་གི་རྒྱལ་བོ་རྩ་བ་ཤེས་རབ་ཀྱི་དགོས་སོགས་ཆོས་བཞི་བཤད་པ་ལས་དང་པོ་སྟེ། བརྗོད་བྱ་ངོས་འཛིན་པའི་ཚེ་ན། རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། དེ་ལ་རྟེན་འབྱུང་འགག་པ་མེད་པ་ལ་སོགས་པ་ཁྱད་པར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་ནི་རྩ་བ་ཤེས་རབ་ཀྱི་བརྗོད་བྱའོ། །[8]ཞེས་གསུངས་པ་ལྟར་གཞུང་ཆེན་བཀའ་པོད་ལྔ་ལས་དབུ་མའི་གཞུང་གི་བརྗོད་བྱ་ནི་རྟེན་འབྱུང་ངམ་རྟེན་འབྲེལ་གསལ་བར་བཤད་པ་ཧ་གོ་ན་ད་གཟོད་མིང་བརྡ་དེ་ཉིད་ཀྱི་དོན་གྱི་ཟབ་ཚད་དང་རྒྱ་ཆེ་ཚད་བློ་དང་ལྡན་པ་ཞིག་ཡིན་ཚེ་ཤེས་པར་འགྱུར་རོ། །

ཀུན་མཁྱེན་རོང་སྟོན་ཤེས་བྱ་ཀུན་རིག་གམ་ཤཱཀྱ་རྒྱལ་མཚན(1367-1449)གྱིས་ཀྱང་། གལ་ཏེ་རྟེན་འབྲེལ་ཙམ་ཡང་ཁས་མི་ལེན་པས་ཉེས་པ་མེད་དོ་ཞེ་ན། འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་པ་དང་། རིགས་པ་དྲུག་ཅུ་པ་ལས། གང་གིས་སྐྱེ་དང་འཇིག་པ་དག །འདི་ཡི་ཚུལ་གྱིས་སྤངས་གྱུརཔ། །རྟེན་ཅིང་འབྲེལ་འབྱུང་གསུང་བ་ཡི། །ཞེས་གསུངས་པ་ལྟར་རྟེན་འབྲེལ་གྱི་རིགས་པ་ནི་རྟག་པ་དང་ཆད་པར་ལྟ་བ་གཉིས་ཀའི་གཉེན་པོར་གསུངས་ན། ཁྱོད་ཀྱིས་ནི་རྟེན་འབྲེལ་སྤངས་པས་དབུ་མའི་ལུགས་ལས་རིང་དུ་གྱུར་པ་ཡིན་ནོ། །[9]ཞེས་དཔལ་མཉམ་མེད་ས་སྐྱ་པའི་མཁས་མཆོག་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱིས་ཀྱང་འདི་ལྟར་རྟེན་འབྲེལ་གྱི་རིགས་པ་སྤངས་ཤིང་མ་གོ་ན་དབུ་མའི་ལྟ་བ་ལས་ཕྱི་རོལ་ཏུ་གྱུར་པར་གསུངས་པ་ཡང་གོང་གི་རྩ་ཤེའི་ཊཱིཀ་ཆེན་གྱི་དགོངས་པ་དང་མགྲིན་གཅིག་དབྱངས་གཅིག་ཏུ་ཤེས་སོ། །དེ་དང་མཚུངས་པར་པ་ཚབ་ལོ་ཙཱ་པ་ཉི་མ་གྲགས་ཀྱི་རྩ་ཤེའི་འགྲེལ་བ་སྒྲོན་མ་གསལ་བྱེད་དང་། རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱི་རྩ་ཤེའི་འགྲེལ་བ་འཐད་པའི་རྒྱན་གཉིས་ལས་ཀྱང་དེ་དང་མཐུན་པར་བཤད་དེ་ཡི་གེས་མང་བར་འཇིགས་ནས་ལུང་འདྲེན་གྱི་ངལ་བ་མ་བསྟེན་ཏོ། །

དོན་གྱི་གནད་དེར་དགོངས་ནས་མཁས་དབང་དགེ་འདུན་ཆོས་འཕེལ(1903-1951)གྱིས་ཀྱང་། མདོར་ན་ཐ་སྙད་དེ་རྣམས་མཁས་པ་རྣམས་ཀྱིས་ངོ་སྤྲོད་དང་། འགྲེལ་བ་རྣམས་ཀྱིས་བཀྲལ་ལུགས་ཙམ་ལ་བསྟུན་དགོས་པ་ཡིན་པས། འོག་ཏུ་བཀོད་པའི་ཚིགས་བཅད་འདི་རྣམས་ཤིན་ཏུ་ཕན་ཆེ་བར་ངེས།[10]ཞེས་གསལ་བ་ཡང་ཐ་སྙད་དེ་མིང་བརྡ་འདི་ལྟ་བུ་ཡང་གལ་ཏེ་སྐྱེ་བོ་དམངས་ཀྱི་ཕལ་སྐད་དུ་སྤྱོད་པ་དང་ཡི་གེར་འགོད་པའི་ཚེ་ན་དེ་དག་གི་དོན་མཁས་པས་བཤད་པའི་ནང་དོན་དང་མི་འགལ་བར་བྱ་དགོས་པ་གལ་ཆེ་བ་མ་ཟད། དེ་དག་གཞུང་ཆེན་དག་གི་འགྲེལ་བ་ཚད་ལྡན་རྣམས་ལས་འོངས་པ་གཞིར་བྱས། གཞན་ལ་འཆད་པ་དང་རྩོམ་པ་གང་གི་ཚེ་ནའང་རང་སྣང་གང་ཤར་དང་། ཁྱི་ངན་རྡོ་ཕྱིར་འབྲངས་པའི་བརྟུལ་ཞུགས་མི་སྐྱོང་བ་འདི་ནི་གནད་ཀྱི་དོན་པོ་ཡིན་པར་ཤེས་དགོས་སོ། །ལར་དེང་གི་དུས་འདིར་དཔལ་ཡོན་ཟུང་གི་འཕེལ་ཁ་ཡར་ལྡན་དུ་འགྲོ་བའི་འགྲོས་དང་མཚུངས་པར་འོ་སྐོལ་གྱི་མི་རིགས་འདིས་ཀྱང་རང་གི་མེས་པོ་དམ་པའི་ཤུལ་བཞག་ཏུ་བརྒྱུད་དེ་འོང་བའི་ཤེས་རིག་རིན་པོ་ཆེ་གང་ཉིད་ཐུགས་ཀྱི་ཟེའུ་འབྲུར་འཆང་སྟེ་གཏན་ཚིགས་རྡོ་རྗེ་རྣོན་པོའི་རྒྱ་ཅན་གྱི་སྐད་ཡིག་ལ་བདག་དམ་མི་ལྷོད་ཉམས་མེད་དུ་བསྐྱང་བར་བྱ་དགོས་པར་འདུག་གོ །

དེ་བས་མཁས་དབང་དགེ་ཆོས་རང་གིས་ཀྱང་ལེགས་སྦྱར་ཕྱི་མོ་རང་ལ་གཏུགས་ཏེ་དག་འདོན་དང་ཕ་བུ་ངོ་སྤྲོད་ལྟ་བུ་མཛད་པའི་གཞུང་འདིའི་དབུ་མའི་སྐོར་གྱི་དོགས་གཅོད་གནང་བའི་མགོ་ན། རྩ་ཤེའི་མཆོད་བརྗོད་ནི། ཨནིརོདྷམནུཏྤཱདམནུཅྖེདམཤཱཤྭཏཾ། །ཨནེཀརྠམནཱརྠམནཱགམམནིརྒམཾ། །ཡ པྲཏཱིཏྱསམུཏྤཱདཾཔྲཔཉྕཨུཔཤམཾཤིབཾ། །དེཤཡཱམཱསསམྦུདྡྷསྟཾབནྡེབདཏཱཾབརཾ། །༥གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །༡འགག་པ་མེད་པ་སྐྱེ་མེད་པ། །༢ཆད་པ་མེད་པ་རྟག་མེད་པ། །༤འོང་བ་མེད་པ་འགྲོ་མེད་པ། །༣ཐ་དད་དོན་མིན་དོན་གཅིག་མིན། །༦སྤྲོས་པ་ཉེར་ཞི་ཞི་བསྟན་པ། །༧རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །༨དམ་པ་དེ་ལ་ཕྱག་འཚལ་ལོ། །རྒྱ་སྐད་ཀྱི་གོ་རིམས་ཨང་ཡིག་བཞིན་ནོ། །[11]ཞེས་རྩ་ཤེའི་མཆོད་བརྗོད་ཀྱི་ལེགས་སྦྱར་ཡི་གེ་དངོས་ལ་གཟིགས་ནས་བོད་འགྱུར་ལ་དཔྱད་བསྡུར་གནང་སྟེ་དོན་གྱི་ཆ་ལ་མི་མཐུན་པ་ཅི་ཡང་དགོངས་མེད། འོན་ཀྱང་ཚིག་གི་གོ་རིམ་ལ་ལེགས་སྦྱར་ཕྱི་མོ་དང་ཅུང་མ་མཐུན་པ་བྱུང་བ་འདི་ལྟར་རོ། །རྣམ་པ་གཅིག་ཏུ་ན་གོ་རིམ་དེའི་དབང་གིས་དོན་གྱི་ཞིབ་ས་དང་ཕྲ་སའི་གནས་དག་ལ་མི་མཐུན་པ་ལྟོས་བཅས་ཀྱིས་འབྱུང་སྙམ་ཡང་སྨྲ་བའི་དབང་ཕྱུག་རྣམས་ཀྱིས་ཡང་བསྐྱར་དཔྱད་པར་རིགས་ཞེས་བདག་གིས་སེམས་སོ། །དེ་ལྟར་རྟེན་འབྲེལ་སྟོན་པའི་གཞུང་ཆེན་དག་མཚམས་སྦྱོར་སྔོན་དུ་བཏང་ནས་ད་ནི་དེ་ཉིད་ཀྱི་དོན་མཐའ་དཔྱད་པ་ལ། ཐོག་མར་རྟེན་འབྲེལ་གྱི་མཚན་ཉིད་འཇོག་པར་བྱ་སྟེ།

རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་དེ། རྟེན་འབྱུང་གི་མཚན་ཉིད། རྟེན་འབྱུང་དང་རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་མཚན་ཉིད་གཅིག་གིས་མཚོན་པར་ནུས་པས་མཚན་ཉིད་སོ་སོར་འཇོག་མི་དགོས་སོ། །ཞེས་བསེའི་རྟེན་འབྲེལ་ཆེན་མོ་དང་། དེ་དང་མཚུངས་པར་རྟེན་འབྲེལ་རྩོམ་འཕྲོར་ཡང་། རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་རང་ཉིད་རྟེན་འབྲེལ་ཡིན་པའི་མཚན་ཉིད། གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་སྟེ། གཞི་གྲུབ་ན་རང་གི་ཆ་ཤས་སམ་རང་གི་འདོགས་བྱེད་ལ་ལྟོས་ནས་གྲུབ་པས་ཁྱབ་པའི་ཕྱིར།[12]ཞེས་གསལ་བར་བཞག་པ་ལྟར་ཤེས་དགོས། འོན་ཀྱང་དེ་ལ་གུང་ཐང་བསྟན་པའི་སྒྲོན་མེ(1762-1823)ཡིས། རང་གི་འདོགས་བྱེད་ལ་ལྟོས་ནས་གྲུབ་པ་རྟེན་འབྱུང་གི་མཚན་ཉིད་ཡིན་ཞེས་གསུངས་ནས། ཁ་ཅིག་རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་རྟེན་འབྲེལ་མཚན་ཉིད་དུ་འདོད་པ་ནི་འདུས་བྱས་ཀྱི་མཚན་ཉིད་འདུ་བའི་མཚན་ཉིད་དུ་བཞག་པ་དང་འདྲ་སྟེ། རྟེན་འབྲེལ་ཞེས་པ་རྟེན་འབྱུང་ཞེས་པའི་ཟུར་གཅིག་ཡིན་པའི་ཕྱིར། གལ་ཏེ་སྤྱིའི་དོན་ཕྱོགས་རེ་ལ་སྦྱར་ཆོག་ན་ཕྲད་ལྟོས་གཉིས་ཀྱང་དེ་དང་འདྲ་བས་དེ་ལྟར་སྦྱོར་དགོས་ལ། དེ་ནི་སྣང་མུན་དང་ཚེ་སྔ་ཕྱི་དང་ལྷན་ཅིག་གནས་པའི་རྟ་གླང་སོགས་ཀྱིས་མ་ངེས་པས། རྣམ་གྲངས་ཡིན་ཀྱང་དོན་གཅིག་ཡིན་མི་དགོས་སོ། །[13]ཞེས་གོང་གི་རྟེན་འབྲེལ་ཆེན་མོ་དང་རྩོམ་འཕྲོ་གཉིས་གཞི་བྱས། དེ་ལ་རྟེན་འབྱུང་དང་རྟེན་འབྲེལ་ཞེས་པའི་མིང་གི་ཁྱད་པར་ལ་ཞིབ་ཅིང་མཐའ་ཆོད་པའམ། རྟེན་འབྲེལ་ཞེས་པའི་སྒྲ་དོན་དང་མཐུན་པའི་མཚན་ཉིད་མིན་ཞེས་པའི་ཁས་ལེན་ལུགས་ཀྱིས་གསལ་བཤད་གནང་བ་ཡང་ཚུལ་འདིའི་བརྡ་དོན་ལ་སྔོན་མེད་ཀྱི་ལེགས་བཤད་གསར་བ་ཞིག་བསྣན་ཡོད་པར་མཐོང་ངོ་། །

དེ་ཡང་ཡིན་ཏེ་རྗེ་བཙུན་བརྟན་པའི་འཁོར་ལོ་ཆོས་ཀྱི་རྒྱལ་མཚན(1469-1544)གྱིས། རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ། རྟེན་འབྲེལ་གྱི་མཚན་ཉིད་ཡིན། གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་སྟེ། གཞི་གྲུབ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ཁྱབ་པའི་ཕྱིར་ཏེ། རྩ་ཤེ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།[14]ཞེས་གསུངས་ཤིང་འདི་ཉིད་དང་གོང་གི་རྟེན་འབྲེལ་ཆེན་མོ་གཉིས་རྟེན་འབྱུང་དང་རྟེན་འབྲེལ་གཉིས་ཀྱི་མཚན་ཉིད་འཇོག་སྟངས་གཅིག་ཏུ་གྱུར་པས་དེ་གཉིས་ཀྱི་དོན་ལའང་ཁྱད་པར་མེད་པར་བཞེད་པ་གསལ་ལོ། །

དེ་དང་མཚུངས་པར་བསེ་ཚང་ངག་དབང་བཀྲ་ཤིས་དང་གུང་ཐང་བསྟན་སྒྲོན་གཉིས་ཀྱི་ཡིག་ཆའི་བརྟེན་ཁུངས་སུ་གྱུར་པ་ཀུན་མཁྱེན་འཇམ་བཞད(1648-1721)ཀྱི་རྟེན་འབྲེལ་ལུང་རིགས་གཏེར་མཛོད་ལས་ཀྱང་། རང་འདོགས་བྱེད་ལ་ལྟོས་ནས་གྲུབ་པ་རྟེན་འབྱུང་གི་མཚན་ཉིད། ཡང་ན་རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་དེའི་མཚན་ཉིད།[15]ཅེས་གསུངས་པ་ནི་གོང་གི་རྗེ་བཙུན་པའི་ཡིག་ཆ་སོགས་མང་པོ་དང་མཐུན་ཤས་ཆེ་ནའང་མཚན་ཉིད་གཉིས་ལས་དང་པོ་དེའི་རྗེས་ལ་རྟེན་འབྲེལ་ལུང་རིགས་བང་མཛོད་འབྲངས་ཤིང་། ཕྱི་མ་དེའི་རྗེས་སུ་རྟེན་འབྲེལ་ཆེན་མོ་འབྲངས་ཡོད་པར་གསལ་ལོ། །

འོན་ཀྱང་མཚན་ཉིད་ཕྱི་མའི་སྒྲས་ཟིན་དེ་ལུང་རིགས་བང་མཛོད་ཀྱིས་ཕྱོགས་སྔར་བླངས་ཏེ་བཀག་ཡོད་པ་མ་ཟད་དེ་ཉིད་འདུས་བྱས་རྟེན་འབྲེལ་གྱི་མཚན་ཉིད་འདུ་བའི་མཚན་ཉིད་དུ་བཞག་པ་དང་འདྲ་ཞེས་ལུང་དོན་བཞག་པ་ལ་དཔྱད་པའི་གནས་སུ་སྣང་སྟེ། དེ་ནི་རང་གི་རྒྱུ་རྐྱེན་དུ་མ་འདུས་པའམ་འདུས་པ་ལས་བྱས་པ་ཞེས་ཁྱད་པར་གཉིས་ཅན་པོ་དེ་འདུས་བྱས་ཀྱི་མཚན་ཉིད་དུ་བཞག་ན་འགྲིག་པ་མ་གཏོགས། འདུས་བྱས་ཀྱི་ཟུར་གཅིག་འདུ་བའི་མཚན་ཉིད་དུ་བཞག་ན་མི་འགྲིག་པ་བཞིན། རང་གི་ཆ་ཤས་ལ་བརྟེན་ནས་གྲུབ་པ་དེ། རྟེན་ཞེས་པ་དང་འབྱུང་ཞེས་པའི་ཁྱད་པར་གཉིས་ཀ་ཡོད་པའི་རྟེན་འབྱུང་གི་མཚན་ཉིད་དུ་འགྲིག་པ་མ་གཏོགས། རྟེན་ཞེས་པའི་དོན་དག་ཡོད་པ་དང་འབྱུང་ཞེས་པའི་དོན་དག་མེད་པའི་རྒྱུ་མཚན་གྱིས་རྟེན་འབྲེལ་གྱི་མཚན་ཉིད་དུ་བཞག་ན་སྒྲ་དོན་དང་མི་འགྲིག་ཅེས་པའི་དོན་དུ་འགྱུར་ཞེས་ལུང་དོན་འཇོག་པར་བཤད་དོ། །

མདོར་ན་རྟེན་འབྱུང་ངམ་རྟེན་འབྲེལ་གྱི་མཚན་ཉིད་ལ་མི་མཐུན་པ་གཉིས་སྣང་བ་དེ་ཡང་ཁྱབ་ཆེ་ཆུང་དང་ཞིབ་མི་ཞིབ་ཀྱི་དབང་སོགས་ཀྱིས་ཡིན་པ་ལས་བཞེད་དོན་འགལ་བར་གྱུར་པ་ནི་མིན་པར་སེམས་ཏེ། དེ་ཡང་ནང་བའི་གྲུབ་མཐའ་བཞི་ལས་བྱེ་མདོ་གཉིས་དང་དབུ་སེམས་གཉིས་ཀྱི་གཞིའི་རྣམ་གཞག་འཇོག་ཚུལ་མི་མཐུན་པའི་དབང་གིས་རྟེན་འབྲེལ་གྱི་མཚན་ཉིད་ཀྱང་དེ་ལྟར་མི་མཐུན་པ་རང་ཤུགས་ཀྱིས་བྱུང་བ་ཡིན། དེ་ཡང་སྐབས་འདིར་རྟེན་འབྲེལ་འཆད་པའི་ཚེ་ན་དབུ་མའི་ལུགས་གཞིར་བཞག་གིས་བཤད་པ་ལས་འོས་མེད་པས་དེ་ལ་དབུ་མ་རང་རྒྱུད་པས་ནི་རང་གི་ཆ་ཤས་ལ་བརྟེན་ནས་གྲུབ་པ་རྟེན་འབྲེལ་གྱི་མཚན་ཉིད་དུ་འཇོག །དབུ་མ་ཐལ་འགྱུར་བས་རང་གི་འདོགས་བྱེད་ལ་བརྟེན་ནས་གྲུབ་པ་རྟེན་འབྱུང་གི་མཚན་ཉིད་དུ་འཇོག །དེ་ལ་རང་རྒྱུད་པས་རང་གི་ཆ་ཤས་སམ་གདགས་གཞི་དེའི་ནང་ནས་རྙེད་དགོས་པར་འདོད་ཅིང་། ཐལ་འགྱུར་བས་ཤེས་བྱ་ཐམས་ཅད་ཀྱི་འདོགས་བྱེད་རྟོག་པས་བཏགས་ཙམ་དུ་འདོད་པ་ཡིན་པའི་ཕྱིར་རོ། །

འདི་ལྟར་འགལ་སྤོང་བྱ་མི་ཐུབ་པར་གྱུར་ན། མཁས་པའི་ཚིག་གི་ཟིན་སོ་ན་འགལ་བར་སྣང་བ་འདི་འདྲ་ལ་བརྟེན་ནས། སྔོན་མ་ཙམ་ལ་དགོད་བྲོ་བའི་གཏམ་རྒྱུད་ཅིག་ཀྱང་བྱུང་ཡོད་དེ། ཉིན་ཞིག་ལ། དགེ་བཤེས་ཤིག་གིས་གུང་ཐང་བསྟན་སྒྲོན་གྱི་རྟེན་འབྲེལ་ལུང་རིགས་བང་མཛོད་དབུ་ནས་ཤོག་གྲངས་འགའ་ཐར་ཆགས་སུ་བཀླགས་ཏེ། རྟེན་འབྱུང་གི་མཚན་ཉིད་བཞག་ནས་ཁ་ཅིག་རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་རྟེན་འབྲེལ་གྱི་མཚན་ཉིད་དུ་འདོད་པ་ནི་ཞེས་ཕྱོགས་སྔ་རུ་བླངས་འདུག་པ་མཐོང་འཕྲལ། དགེ་བཤེས་ཁོ་རང་མ་གཞི་ནས་རྗེ་བཙུན་པའི་ཡིག་ཆའི་རྗེས་འབྲང་བ་ཞིག་ཡིན་པས་ཕར་ཕྱིན་སྤྱི་དོན་རོལ་མཚོ་ལས་གསུངས་པ་ཐུགས་བྱང་ཁ་བྱང་དུ་གྱུར་ཅིང་། ཐུགས་གཤིས་མཁྲེགས་པོའམ་ཨ་ཕའི་ཁ་ཕོར་གཙང་ཞེན་གྱི་དབང་གིས་མ་འཐད་མ་དགའ་བའི་ངང་ནས། འདི་ལྟར་མི་འཇོག་ན་ཅི་ལྟར་འཇོག་གམ། ཞེས་འཁང་ར་དང་བཅས་སྨྲ་ཞོར་ལུང་རིགས་བང་མཛོད་ཀྱི་དཔེ་ཆ་མར་གཡུགས་པར་མཛད་ཅེས་གྲགས་པ་བྱུང་བ་ལྟ་བུའོ། །

དེ་ལྟར་རྟེན་འབྱུང་ངམ་རྟེན་འབྲེལ་ཞེས་པའི་གོ་དོན་དང་མཚན་ཉིད་གཏན་ལ་ཕབ་ནས་ད་ནི་རྟེན་འབྱུང་དེ་ལ་ནང་གསེས་ཀྱིས་དབྱེ་ན་ག་ཚོད་འདུག་ཅེ་ན། དེའི་གོ་དོན་ལ་དཔགས་ན་ཤེས་བྱ་ཡོད་ཚད་དེའི་ནང་དུ་མ་འདུས་པ་མེད་པས་ཤེས་བྱ་ལ་རྟག་མི་རྟག་གཉིས་སུ་དབྱེ་བ་བཞིན་འདི་ལ་ཡང་དེ་ལྟར་འདུས་མ་བྱས་ཀྱི་རྟེན་འབྱུང་དང་། འདུས་བྱས་ཀྱི་རྟེན་འབྱུང་གཉིས་སུ་དབྱེ་བ་ཡིན། རང་རྒྱུ་ལ་མ་བརྟེན་ཀྱང་འདོགས་བྱེད་ལ་ལྟོས་ནས་གྲུབ་པ་དེ། འདུས་མ་བྱས་རྟེན་འབྱུང་གི་མཚན་ཉིད། རྐྱེན་གསུམ་ལ་བརྟེན་ནས་བྱུང་བ་དེ། འདུས་བྱས་རྟེན་འབྱུང་གི་མཚན་ཉིད། དེ་ལ་རྐྱེན་གསུམ་ནི། གཡོ་བ་མེད་པའི་རྐྱེན་དང་། མི་རྟག་པའི་རྐྱེན་དང་། ནུས་པའི་རྐྱེན་ཏེ་གསུམ་མོ། །

དེས་ན་རྐྱེན་ཡིན་ན་རང་ཉིད་ཀྱང་རྒྱུ་ལས་གློ་བུར་དུ་སྐྱེས་ཤིང་དུས་གཉིས་པར་འགག་ནས་འབྲས་བུ་འབྱིན་པ་དགོས་ཀྱི། རྟག་པ་ཡིན་ན་འབྲས་བུ་རྟག་ཏུ་སྐྱེད་པའམ་འབྲས་བུ་ལ་སྐབས་མི་འབྱེད་པའི་ཕྱིར་ཏེ། དེ་དོན་བྱེད་ནུས་སྟོང་ཡིན་པས་ཁྱབ་པའི་ཕྱིར། རྐྱེན་གྱི་མཚན་ཉིད་ནི། རང་འབྲས་ལ་ཕན་འདོགས་པའི་རྐྱེན་གྱི་རྣམ་པར་གནས་པའི་ཆོས་དེ་དེ་ཡིན་པའི་ཕྱིར། དེ་ཡང་རང་གི་འབྲས་བུ་དེ་སྐྱེ་བ་ཕན་འདོགས་པར་བྱེད་པའི་མཐུན་རྐྱེན་དུ་གྱུར་པའི་ཆོས་དེ་ཡིན་ཞེས་པའོ། །

དེ་ལ་མཁས་མཆོག་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ(1844-1904)མཆོག་གིས། གྲོགས་བྱེད་པ་རྐྱེན་གྱི་མཚན་ཉིད། རང་འབྲས་སྐྱེ་བ་ལ་མཐུན་པའི་གྲོགས་བྱེད་པའི་དངོས་པོ་དེ་རྐྱེན་ཡིན་ཞེས་པའོ། །རྐྱེན་དང་། རྒྱུ་དང་། དངོས་པོ་གསུམ་དོན་གཅིག་ཡིན་ཏེ། དངོས་པོ་ཐམས་ཅད་རང་འབྲས་སྐྱེད་བྱེད་ཡིན་པའི་ཆ་ནས་རྒྱུ་དང་། རང་འབྲས་སྐྱེ་བའི་མཐུན་རྐྱེན་ཡིན་པའི་ཆ་ནས་རྐྱེན་དུ་བཞག་པ་ཡིན་པའི་ཕྱིར་རོ། །[16]ཞེས་གསུངས་པ་ནི་འུ་ཅག་ལས་དང་པོ་པ་ལ་གོ་སླ་ཞིང་འཛིན་བདེ་བའི་ལེགས་བཤད་ཟླ་མེད་པ་ཡིན་པའི་ཕྱིར། དེ་བས་མཚན་ཉིད་རིག་པའི་གཞུང་འདི་ལ་ནི། རང་ཉིད་ཤེས་ལྡན་ཞིབ་འཇུག་པའི་གྲལ་དབུས་ལ་འཚངས་ན་ཅི་ནས་ཀྱང་འཇུག་པར་བྱ་ཞིང་སྦྱང་བར་བྱ་བའི་ཡུལ་དམ་པར་གྱུར་པ་ནི་སྔོན་བྱོན་མཁས་པ་ཚད་ལྡན་དག་གིས་ལུང་རིགས་དཔེ་གསུམ་དང་བཅས་ཉམས་མྱོང་ཚད་མ་བརྒྱ་ཕྲག་གིས་བསྒྲུབས་པ་ལས་ཤེས་པར་རིགས་སོ། །

གསུམ་པ། གོ་དོན་དེ་ལ་བརྟེན་ནས་རྟེན་འབྲེལ་ཞུ་ཞེས་པའི་སྐད་བརྡ་དེ་མི་འོས་ཚུལ།

དེ་ལྟར་ཐོག་མར་སྤྱོད་འཇུག་ཏུ། འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་གསལ་བ་ཇི་བཞིན་རང་ཉིད་ཀྱིས་ནམ་རྒྱུན་སྤྱོད་ཀྱིན་པའི་སྐད་ཆ་དེ་ཡང་སྐྱེ་བོ་དམངས་ཀྱི་སྤྱི་སྐད་དམ་ཡིག་སྐད་ལ་བརྟེན་ནས་ཅི་ནུས་ཀྱིས་བཤད་པ་ནི་རིགས་དང་རིག་གནས་ཤིག་གི་བླ་སྲོག་སྲུང་པ་ལ་མེད་དུ་མི་རུང་བའི་གཞི་རྩ་ཞིག་ཏུ་གྲུབ་པས་འདིར་ཡང་དེ་ལྟར་བྱ་དགོས་པ་རྣམ་བཅད་ཡོངས་གཅོད་ཀྱིས་གྲུབ་པ་ལགས་ན། གང་ཉིད་གཙིགས་སུ་བཟུང་སྟེ། རྟེན་འབྱུང་ངམ་རྟེན་འབྲེལ་དོན་གོང་དུ་ཞུས་པ་བཞིན་དེ་ཉིད་ཀྱི་ཁྱབ་ཁོངས་ལ་སྲིད་ན་མཆིས་པའི་ཤེས་བྱ་ཡོད་དོ་ཅོག་འདུས་ཤིང་། དེ་ལ་ཡང་དངོས་པོ་དང་དངོས་མེད་ཡོད་ཚད་འདུས་པ་དང་། ད་དུང་དངོས་པོ་ལ་ཡང་ལེགས་ཉེས་སྣ་ཚོགས། ཕྱི་ནང་ཐམས་ཅད། སྣོད་བཅུད་ཡོད་ཚད། བཀྲ་ཤིས་དང་སྣ་ནག་མའི་བྱེད་སྒོ་གང་ཡིན། སྙན་དང་མི་སྙན་པའི་སྒྲ་སྐད་མཆིས་སོ་ཅོག་འདུ་བར་གྱུར་ན། དེ་ལ་དིང་སང་འདིར་ཤ་གཟུག་ཟ་རྐྱང་གིས་ལེགས་ལམ་ལེགས་འགྲུབ་ཀྱི་འབྲས་བུའམ་བྱེད་སྒོ། དུས་བཟང་དང་དུས་ཆེན། ཆོ་ལོ་དང་གཟེངས་རྟགས་རག་པ་སོགས་གང་བྱུང་ལ་འདིར། རྟེན་འབྲེལ་ཞུ། ཞེས་པའི་ཁ་གཡང་གི་སྐད་དང་ཡི་གེ །དེ་ཉིད་སྦྱར་བའི་པར་ཆུང་གི་རྣམ་འགྱུར་སྣ་ཚོགས། ཐ་ན་ཕན་ཚུན་གསར་དུ་མཇལ་འཛོམས་ཀྱི་ཚེ་ནའང་ཁ་ནས་མ་ཎི་ལྟར་འབོད་ཅིང་རླུང་རྟ་ལྟར་སྤུར་པར་བྱེད་དོ། །དེ་ནི་ཆེ་བ་ཞིབ་འཇུག་ཆེད་རྩོམ་དང་། འབྲིང་བ་རྩོམ་རིག་བརྩམས་ཆོས། ཆུང་བ་སྐད་འཕྲིན་མགྱོགས་འཕྲིན་ཚུན་གྱི་ནང་དུ་མེ་འབར་འབར་དང་། རྡོ་གཡུགས་གཡུགས་ཀྱིས་གྱ་ཚོམ་དུ་སྨྲ་བ་དང་བྲི་བ། ཅི་འདོད་གང་དགར་འཕེན་པར་བྱེད་པ་དག་སྣང་བ་ཀུན་གྱིས་མཁྱེན་གསལ་ལྟར་རོ། །

དེ་ནི་རེ་ཞིག་འགྲིག་པར་མི་སེམས་ཏེ། དེ་ནི་དོན་གྱིས་རྟེན་འབྲེལ་ཡག་དང་རྟེན་འབྲེལ་བཟང་། ཡང་ན། རྟེན་འབྲེལ་ལེགས་ཞེས་པའི་དོན་ལ་བསམ་སྟེ་བྲིས་པ་ཡིན་མོད། འོན་ཀྱང་བོད་རང་གི་བརྡ་སྐད་ཀྱི་སྤྱི་འགྲོས་དང་དོན་གྱི་བརྡ་སྤྲོད་ལུགས་ལ། རྟེན་འབྲེལ་ཞུ། ཞེས་པ་ཙམ་ནི་སྔོན་གྱི་ཡབ་མེས་དག་གི་ལེགས་བཤད་ཕལ་མོ་ཆེར་ཡང་མི་འབྱུང་བ་མ་ཟད། དོན་དང་མི་འབྱོར་བའི་མགོ་བཅད་རྭ་བཅད་ཀྱི་སྨྲ་བ་རང་དུ་གྱུར་ཡོད་དེ། དེ་ལ་རྟེན་འབྲེལ་ཞེས་པ་རང་ལ་ལེགས་པའི་ཤིས་ཚིག་གི་དོན་མེད་པ་གོང་དུ་ཞུས་པ་བཞིན། རྟེན་འབྲེལ་ཡིན་ན་བཟང་བོ་ཞིག་གམ་ལེགས་པོ་ཞིག་ཡིན་པས་མ་ཁྱབ་ཅིང་། ཞུ་ཞེས་པ་ནི་རེ་འདོད་ཙམ་བཏོན་པའི་བརྡ་རུ་འགྱུར་བས་དེ་ལ་ཤིས་པ་དང་རེ་འདོད་སྣ་ཚོགས་ཡོད་ཆོག་ཆོག་ཡིན་པའི་ཕྱིར་རོ། །

དེ་ལ་མཁས་པའི་དབང་པོ་སློབ་དཔོན་ཤར་གདོང་རིན་པོ་ཆེས། ལམ་རིམ་དུ། སྐྱེ་བ་གཞན་དུའང་དེ་དང་མི་འབྲལ་བའི་ཞེས་པའི་སྐབས། མི་འབྲེལ་ཞེས་འགྲེང་བུ་བཞག་ཚེ་དོན་ཆེན་པོ་ནོར་བ་ཡིན། དེ་བཞིན་དུ་བླ་མ་ལྟ་བུ་ལ་ཚེ་རབས་སུ་འབྲལ་མེད་རྗེས་འཛིན་གྱི་སྐྱབས་འཇུག་ཞུ་ཚེ་ཡང་། འགྲེང་བུ་བཞག་ཚེ་དོན་ཆེན་པོ་ནོར་བ་ཡིན། ང་ཚོའི་དགོན་པའི་གྲྭ་བ་དགེ་བཤེས་རྩེར་སོན་གྱི་གྲས་སུ་བགྲང་བ་ཞིག་གིས་བླ་མ་ཞིག་ལ་སྐྱབས་འཇུག་གི་ཡི་གེ་འབྲི་སྐབས་དེ་ལྟར་བྲིས་པ་ངས་དངོས་སུ་མཐོང་བ་ལ་དེ་ལྟར་བྲིས་ཚེ་རྟེན་འབྲེལ་ཆེན་པོ་ནོར་བ་ཡིན།[17]ཞེས་གསལ་བ་ལྟར་རྟེན་འབྲེལ་ནོར་བ་དང་། རྟེན་འབྲེལ་ལོག་པ། རྟེན་འབྲེལ་འཆུགས་པ་སོགས་ཡོད་པའི་ཕྱིར་རོ། །

དེས་ན་དེ་འདྲའི་ཁ་གཡང་དེ་ནི་ལས་དོན་ཞིག་འགྲུབ་པའམ་དགའ་སྟོན་ཞིག་རོལ་པའི་དམིགས་བསལ་ཁ་གཡང་ཉིད་དུ་གཏན་ནས་གྱུར་པ་ཞིག་མིན་ངེས་ན་སླད་མའི་ཆར་ཡང་དེ་ག་ལ། རྟེན་འབྲེལ་ལེགས། རྟེན་འབྲེལ་བཟང་། རྟེན་འབྲེལ་ཡག །ཡང་ན་བོད་རང་གི་སྐད་དང་རིག་གཞུང་གང་དང་ཡང་མཐུན་པའི་སྨོན་ཚིག་སྟེ། བཀྲ་ཤིས་བདེ་ལེགས། ཞེས་པ་སྤྱད་དེ་བྲི་བའམ་སྨྲ་བ་ནི་འབྱུང་འགྱུར་གང་ལ་བསམ་ནའང་དགེ་ཞིང་ལེགས་པ་ཡིན།

དེ་ལ་ཉེ་དུས་ཀྱི་སྨྲ་བའི་སེང་ཆེན་རྗེ་ཤེས་རབ་རྒྱ་མཚོས་ཀྱང་པེ་ཅིན་ནས་བོད་ཞི་བའི་འཆིང་གྲོལ་བྱས་པའི་རྟེན་འབྲེལ་གྱི་ཉིན་གནང་བའི་གསུང་བཤད་དུ། ད་ལྟ་གུང་ཁྲན་ཏང་གི་བཀའ་དྲིན་ཟླ་བ་འབུམ་ཕྲག་དུས་གཅིག་ཏུ་ཤར་བ་ལྟ་བུའི་མཐུ་ལས་ཞི་བའི་འཆིང་གྲོལ་རྙེད་པར་དཀའ་བ་ཐོབ་ནས་ལོ་འཁོར་བཞི་བའི་རྟེན་འབྱུང་གི་ཉི་མ་འདིར་བདག་གིས་ཀྱང་དགའ་མགུ་ཡི་རང་བཅོས་མ་མ་ཡིན་པར་ཞུ་གི་ཡིན།[18]ཞེས་གསུངས་པ་འདི་ལས་ཐ་སྙད་དེ་ཉིད་ཇི་ལྟར་བཀོལ་དགོས་པ་ཤིན་ཏུ་གསལ་ནའང་རྗེས་འཇུག་ལོ་ཙཱ་པ་དང་གཡམ་རྒྱུགས་པ་སྐོར་ཞིག་གིས་སྤྱི་བརྟོལ་གྱིས་རྟེན་འབྲེལ་ཞུ་ཞེས་བཀོལ་བ་ཡིན་པ་ཤེས་པས། དེ་ནི་གོང་དུ་ཞུས་པ་བཞིན་སྤྱི་མིང་བྱེ་བྲག་ལ་སྦྱར་བ་རྐྱང་ཡིན་པས་དོན་ཆེན་དེ་དང་དེའི་ཉིན་མོ་ལ་རྭ་མགོར་ལུག་སུག་སྦྱར་བ་ཁོ་ན་སྟེ། དེ་ལ་ནི་མཁས་གྲུབ་སྨྲ་བའི་ཉི་མས། སྤྱི་ཁྱབ་ནམ་མཁའི་དཀྱིལ་འཁོར་དང་། །སྒོས་ཁྱབ་རྩིག་པའི་བུ་ག་གཉིས། །མཚུངས་པར་རློམ་པའང་མཁས་ཡིན་ན། །འདི་ན་མི་མཁས་སྐྱེ་བོ་སུ། །ཞེས་གསུངས་པ་ལྟར་འགྱུར་བས་བློ་དང་ལྡན་པ་དག་གིས་འཕྲལ་མར་སྔོན་གོམས་ཀྱི་བག་ཆགས་དང་གཉུག་གཤིས་དེའི་དབང་གིས་རེ་ཞིག་བདེན་པར་མཐོང་རེ་བྲལ་ནའང་། ག་ལེར་ག་ལེར་བྱས་ནས་གནས་ལུགས་དང་རིགས་པ་གང་ཉིད་གཅེས་པ་རང་འབྱུང་ཚེ། མེས་པོའི་སྤྱི་ནོར་སྒྲ་ཚད་རིག་པའི་གཞུང་ལུགས་ཆུད་ཟོས་སུ་གཏང་བར་མི་བྱ་པ་ནི་གུས་པ་ཆེན་པོས་ལག་ཟུང་ཐལ་སྦྱོར་སྡུག་གུར་བཀྲ་བ་དང་བཅས་ཏེ་གྲོས་འབུལ་དུ་ཞུ་བ་ལགས་སོ། །

[1] ཁྱུང་ཕྲུག་བློ་བཟང་དར་རྒྱས། བུ། བོད་རིགས། ཕ་ཡུལ་ཨ་མདོ་རེབ་ཀོང་། འབུམ་རམས་པ། དགེ་རྒན་ཆེན་མོ། བོད་ཀྱི་རྩོམ་རིག་དང་མཚན་ཉིད་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མའི་ཁྲིད་སྟོན་པ། ད་ལྟ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོར་བོད་རིག་པའི་འཆད་ཁྲིད་སྐྱོང་བཞིན། མཚན་ཉིད་རིག་པ་དང་བོད་ཀྱི་ཡིག་རྙིང་གཙོ་བོ་ཞིབ་འཇུག་བྱ་མུར།

[1] བསེ་ངག་དབང་བཀྲ་ཤིས་ཀྱིས་བརྩམས། ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐའ་དཔྱོད་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །བླ་བྲང་དགོན་པའི་ཤིང་པར། ཤོག་གྲངས་བཅུ་དྲུག་པའི་ཉིན་ངོས་སུ་དྲངས་པ་ན་གསལ།

[2] རྗེ་ཙོང་ཁ་པ་ཆེན་པོས་བརྩམས། རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། །༼ ཕ༽ དྲང་ངེས་ལེགས་བཤད་སྙིང་པོ་ཞེས་བྱ་བ་ལས་དྲངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987.10 ཡི་པར། ཤོག་ངོས414ན་གསལ།

[3] རྗེ་ཙོང་ཁ་པ་ཆེན་པོས་བརྩམས། རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། །༼ ཕ༽ དྲང་ངེས་ལེགས་བཤད་སྙིང་པོ་ཞེས་བྱ་བ་ལས་དྲངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987.10 ཡི་པར། ཤོག་ངོས414ན་གསལ།

[4]རྗེ་ཙོང་ཁ་པས་བརྩམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986.12. ལོའི་པར། ཤོག་ངོས969ན་གསལ།

[5] བསེ་ངག་དབང་བཀྲ་ཤིས་ཀྱིས་བརྩམས། ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐའ་དཔྱོད་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །བླ་བྲང་དགོན་པའི་ཤིང་པར། ཤོག་དྲངས་སོ་ལྔ་པའི་ཉིན་ངོས་ན་གསལ།

[6] ཀུན་མཁྱེན་འཇིགས་མེད་དབང་པོས་བརྩམས། གྲུབ་པའི་མཐའི་རྣམ་པར་བཞག་པ་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་བཞུགས། སྐུ་འབུམ་དགོན་པའི་ཤིང་པར། ཤོག་གྲངས་ཉེར་དྲུག་པའི་ཉིན་ངོས་ན་གསལ།

[7]རྗེ་ཙོང་ཁ་པས་བརྩམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986.12. ལོའི་པར། ཤོག་ངོས979ན་གསལ།

[8] རྗེ་ཙོང་ཁ་པས་བརྩམས། རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། །༼ བ༽ དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ་ཞེས་བྱ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998.11ལོའི་པར། ཤོག་ངོས 13ན་གསལ།

[9] ཀུན་མཁྱེན་རོང་སྟོན་ཤེས་བྱ་ཀུན་རིག་གམ། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱིས་བརྩམས། རོང་སྟོན་གསུང་འབུམ། བསོད་ནམས་ཆོས་འཕེལ་གྱིས་བསྒྲིགས། ༼ ཆ༽ དབུ་མ་རྩ་བའི་རྣམ་བཤད་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2008.1.ལོའི་པར། ཤོག་ངོས21ན་གསལ།

[10] དགེ་འདུན་ཆོས་འཕེལ་གྱིས་བརྩམས། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། རྒྱ་དཔེ་དུ་མའི་ཚིགས་བཅད་ཕྱོགས་བསྡུས་བྱས་པ་ལེགས་སྦྱར་བང་མཛོད་ཅེས་བྱ་བ་བཞུགས་སོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990.4 ལོའི་པར། ཤོག་ངོས356-357ན་གསལ། ཡང་ན། དགེ་ཆོས་རང་གི་ཕྱག་བསྟར་མའི་ལེགས་སྦྱར་བང་མཛོད་ཤོག་གྲངས་གཉིས་པའི་མདུན་ངོས་ན་གསལ།

[11] དགེ་འདུན་ཆོས་འཕེལ་གྱིས་བརྩམས། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། རྒྱ་དཔེ་དུ་མའི་ཚིགས་བཅད་ཕྱོགས་བསྡུས་བྱས་པ་ལེགས་སྦྱར་བང་མཛོད་ཅེས་བྱ་བ་བཞུགས་སོ། །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990.4 ལོའི་པར། ཤོག་ངོས415ན་གསལ། ཡང་ན། དགེ་ཆོས་རང་གི་ཕྱག་བསྟར་མའི་ལེགས་སྦྱར་བང་མཛོད་ཤོག་གྲངས་སུམ་ཅུ་པའི་སྲིབ་ངོས་ན་གསལ།

[12] ཀུན་མཁྱེན་འཇིགས་མེད་དབང་པོས་བརྩམས། རྟེན་འབྲེལ་རྩོམ་འཕྲོ་བཞུགས་སོ། །༼ ཇ༽ བླ་བྲང་དགོན་པའི་ཤིང་པར། ཤོག་གྲངས12པའི་ཉིན་ངོས་ན་གསལ།

[13] གུང་ཐང་བསྟན་པའི་སྒྲོན་མེས་བརྩམས། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་བཞུགས་སོ། །༼ ག༽ རྟེན་འབྲེལ་རྣམ་གཞག་བཤད་པ་ལུང་རིགས་བང་མཛོད་ཅེས་བྱ་བ། མི་རིགས་དཔེ་སྐྲུན་ཁང་། 2007.12 ལོའི་པར། ཤོག་ངོས383-384ན་གསལ།

[14] རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྣམ་བཤད་རྣམ་པ་གཉིས་ཀྱི་དཀའ་བའི་གནས་གསལ་བར་བྱེད་པ་ལེགས་བཤད་སྐལ་བཟང་ཀླུ་དབང་གི་རོལ་མཚོ་ཞེས་བྱ་བ་ལས་སྐབས་གསུམ་པ་མན་གྱི་སྤྱི་དོན་བཞུགས་སོ། །སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1991.8 ལོའི་པར། ཤོག་ངོས338ན་གསལ།

[15] ཀུན་མཁྱེན་འཇམ་དབྱངས་བཞད་པས་བརྩམས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ་བཞུགས་སོ། །གླེགས་བམ་བཅུ་གཉིས་པ། རྟེན་འབྲེལ་གྱི་མཐའ་དཔྱོད་ལུང་དང་རིགས་པའི་གཏེར་མཛོད་བློ་གསལ་དགའ་བ་བསྐྱེད་པའི་ཕྲེང་མཛེས་ཞེས་བྱ་བ། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། 2016 ལོའི་པར། ཤོག་ངོས249ན་གསལ།

[16] འབའ་མདའ་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་བརྩམས། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1990.3 ལོའི་པར། ཤོག་ངོས446ན་གསལ།

[17] རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་བརྩམས། རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ་བཞུགས་སོ། །གླེགས་བམ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ 2013.3ལོའི་པར། ཤོག་ངོས190ན་གསལ།

[18] རྗེ་ཤེས་རབ་རྒྱ་མཚོས་བརྩམས། རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ་བཞུགས་སོ། །མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ 1984.12ལོའི་པར། ཤོག་ངོས 510ན་གསལ།
རྩོམ་གྱི་ཡོང་ཁུངས་གངས་ལྗོངས་འཕྲིན་གསར།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *