གཅེར་བུ་པའི་སྙན་གསར་ཞིག
རྩོམ་ཡིག་འདི་ཐེངས་ 319 བཀླགས་འདུག
བརྩེ་གླུ་སེམས་ངོ་རང་འཚོལ་ཞེས་བྱ་བ།
སེམས་ཁོངས་ནས་འདར་བ་ཅི་ལགས་ཞེ་ན།།
གནམ་སྐར་མའི་ཚོགས་ཀྱང་གཤུམ་པས་གནོངས་འདྲ།།
ལན་དེ་རང་མ་ཡིན་ཡང་ན་ཕ་གི།།
ས་ཐག་རིང་སེམས་གཅོང་ཁོ་ནས་བཞེངས་པ།།
ཐག་རིང་འདུག་ཟེར་ནས་བརྩེ་མགུར་མི་ལེན།།
ད་འཕྲད་ན་འདོད་དུས་འཕྲད་རང་ཆོག་པ།།
དེ་ཐུང་ངུ་དཔེ་ལ་འོས་ཚོད་འདྲ་ཡང་།།
རྒྱབ་རི་ཚོགས་གན་ལྟར་བཀག་རྒྱ་མང་བ།།
སེམས་སེམས་ལ་སྦྲེལ་བ་དཔེ་ཡིས་མི་མཚོན།།
དེ་མཚོན་རང་སྙམ་ན་ང་ཡིས་མི་ཤོད།།
ལམ་ལུགས་སྲོལ་འདི་ཡི་གདོང་འབག་ཕུད་ན།།
ངའི་མེ་ཏོག་ཟེའུ་འབྲུ་གང་ན་ཡོད་དམ།།
ཁྱོད་ཅོལ་ཆུང་ཞེས་པ་ང་ཡིས་ཐེག་ཀྱང་།།
གདོང་འཛུམ་སྟངས་ཤིག་གིས་ས་འགུལ་འབྱུང་བ།།
འདི་འབྱུང་བཞི་འཁྲུག་སྟངས་གཞན་ཞིག་ལགས་པས།།
སེམས་ཁོ་རང་ཧ་ཅང་དུབ་པོར་བཏང་སོང་།།
ངས་སེམས་ཞེས་བརྒྱ་ཚར་སྟོང་ཚར་བྲིས་ཚར།།
དེ་གང་ན་འདུག་ཅེས་སྒོམ་པས་མ་བཙལ།།
ཚུར་ཉེ་ཙམ་ཕར་ལ་རྒྱང་ཙམ་འདི་ཡིས།།
འོད་ཤིག་ཤིག་བུ་ཆུང་རང་འགུལ་ཐོན་སོང་།།
གཏམ་འཇམ་པོ་རེ་རེ་དྲན་པའི་ནང་ནོམ།།
ཡང་ཚིག་རྩུབ་རེ་རེ་སེམས་ལ་མདའ་བཞིན།།
ལྗོངས་རི་ཚོགས་དུ་མ་བརྒལ་ཡང་མི་རྙེད།།
གཞུང་བཀའ་བསྟན་ཀློག་པའི་ཁྲོད་ནས་མི་མཇལ།།
འདི་ཕར་ལ་དེད་ན་བག་ཆགས་འདྲ་ལེ།།
ཡང་ཞིབ་ཏུ་བརྟག་ན་དེ་ཡང་མིན་འདྲ།།
འདི་ཧོབ་དེ་ཁ་ལ་ཆགས་སྲེད་འདྲ་ལེ།།
བློས་ཞིབ་ཏུ་འཁེལ་ན་དེ་ཡང་མིན་འདྲ།།
སེམས་དགའ་བ་བརྒྱ་ལས་ཟུར་དུ་དོན་པ།།
གཏམ་བདེན་པ་བརྒྱ་ལས་ལོགས་སུ་བུད་པའི།།
ནང་འཁྲེང་ཞེན་དམར་པོའི་ཕྱེ་ལེབ་ལྡིང་ན།།
འདི་མཛེས་པ་ལྷ་བྲིས་མཁས་པས་མི་ཕྲིས།།
སྐད་སྐད་ལ་སྣོན་པའི་འཇམ་པ་དགུ་སྦྲེལ།།
སེམས་སེམས་ལ་མཐུད་པའི་ཁ་དོག་སྣ་ལྔ།།
དེ་རེ་རེ་ཞིང་བཀོད་རེ་རེར་བསྒྱུར་ན།།
ལྷ་ཕལ་ཆེར་རང་གི་མལ་ནས་ལྡང་འོང་།
ངས་འདི་ནས་དེ་ལྟར་ཅི་ཞིག་རིག་པ།།
སྨན་མོ་ཤར་ཞིག་གི་མཛེས་པ་མ་ཡིན།།
སྨུག་ལང་ལོང་གསེང་གི་ཉི་འོད་འདྲ་ལེ།།
ཆར་ཟམ་ཟིམ་ཁྲོད་ཀྱི་འཇའ་རིས་འདྲ་ལེ།།
སེམས་རི་དྭགས་བག་ཡང་རྒྱུ་ཚུལ་འདི་ལགས།།
2023. 10 . 9 ཉིན་གཅེར་བུ་པ་འབོད་པ་གང་དེས་ཡུལ་རྦི་རི་ཞེས་བྱ་བའི་གནས་མཛེས་ཤིང་སྡུག་པ་དེ་ནས། དུས་ཁྱད་པར་ཅན་གྱི་མྱོང་བ་དམར་རྗེན་དུ་ཚིག་གི་རྒྱ་རུ་བཙུད་པའོ།།
བསམ་ཚུལ་ཕྲིས།