སུམ་པ་ནགས་ཤོད་ཀྱི་ཡུལ་སྡེའི་སྡོད་ཁང་བཟོ་ལས་དང་འབྲུ་མཛོད་ཀྱི་རིག་གནས།

རྩོམ་ཡིག་འདི་ཐེངས་ 166 བཀླགས་འདུག


རྩོམ་པ་པོ། ཤར་སྤྲིན་སྨྱོན།

འདིར་གླེང་བར་བྱ་བ་ནི་སུམ་པ་ནགས་ཤོད་ཀྱི་སྡོད་ཁང་དང་འབྲུ་མཛོད་བཟོ་ལས་རིག་གནས་ཡུལ་དངོས་པར་རིས་དང་ལྷན་དུ་དྲ་ལམ་གྱི་དཔེ་ཀློག་མཁན་ལོ་རྒྱུས་ལ་དགའ་དད་སྤྲོ་གསུམ་ཡོད་པའི་ན་གཞོན་རྣམ་པའི་སྤྱན་ལམ་དུ་ཕུལ་བ་ཡིན།
སྤྱིར་བོད་མིའི་སྡོད་ཁང་ནི་ཞིང་འབྲོག་གཉིས་ལས་གནའ་དུས་སུ་སྡོད་ཁང་ཕལ་ཆེར་བ་ཞིང་པ་དག་ལ་ཡོད་ཅིང་། འབྲོག་པ་རྣམས་ནི་སྦྲ་ནག་དང་རས་གུར་ལས་ཁང་པའི་རིག་གནས་དར་སྲོལ་ཆེན་པོ་བྱུང་མེད། ཞིང་པ་རྣམས་ཀྱི་ཁང་པ་ཕལ་ཆེར་བ་ཐོག་བརྩེགས་གསུམ་ལས་གྲུབ་པ་དང་གཉིས་ལས་གྲུབ་པ་ལྟ་བུ་བྱ་སྲོལ་ཡོད། ཁང་བརྩེགས་གསུམ་ལས་གྲུབ་པ་ནི་འོག་ཁང་དུ་བ་ཕྱུག་སོགས་ཉར་བ་དང་། བར་ཐོག་ལ་མི་འདུག་གནས། སྟེང་ལ་གཟན་རྩྭ་སོགས་ཉར་ཚགས་བྱ་ཡུལ་ཡིན། སུམ་པ་ནགས་ཤོད་དུ་ཕྲན་གྱི་མངོན་སུམ་མཐོང་བའི་ཁང་རྙིང་སྒོ་དགུ་དང་། སྒོ་བཞི་བཅས་ཡོད།

སྒོ་དགུ་ནི་ཁང་རྒྱ་ཧ་ཅང་ཆེ་བའི་རྣམ་པ་ཅན་ཞིག་ཡིན་ཞིང་། ལྷ་ཁང་སྒོ་དང་གཅིག །མཛོད་ཁང་སྒོ་དང་གཉིས། ཐབ་ཚང་ལ་སྒོ་གཉིས་རྩིས་པ་དང་སྒོ་བཞི། འབྲུ་ཁང་སྒོ་དང་ལྔ། མེ་ཤིང་དང་རང་འཐག་འཇོག་ཁང་གི་སྒོ་དང་དྲུག སྐྱ་བོའི་སྡོད་ཁང་དང་བདུན། སྣེ་ལེན་ཁང་གི་སྒོ་དང་བརྒྱད། མགྲོན་པོའི་འདུག་ཁང་གི་སྒོ་སྟེ་སྒོ་དགུ་ཡོད་པ་ལ་ཁང་པ་སྒོ་དགུ་ཞེས་དཔོན་ཁག་ཆེ་བ་དེ་དག་གི་ཁང་པ་ཡིན།

ཁང་པ་སྒོ་བཞི་ནི། <<ཞང་བོད་ཀྱི་ལོ་རྒྱུས་ཏི་སེའི་འོད>>ལས། ཁྱམས་ཁང་ལ་ནི་ཕྱོགས་བཞིར་སྒོ་བཞིའོ། །ཞེས་པ་བཞིན་ཤར་སྒོ་དང་། ནུབ་སྒོ། བྱང་སྒོ། ལྷོ་སྒོ་བཅས་སྒོ་ཆེན་བཞི་བྱ་སྲོལ་མཆིས། འབྲུ་མཛོད་ཀྱི་སྒོ་ནི་ལྷོ་ལ་ཁ་བསྟན་པ་མང་བ་སོགས་ཡོད། ལོ་རྒྱུས་ཡིག་ཚང་དག་ལས་མཛོད་སྒོ་སོགས་ཀྱི་ཁ་བསྟན་ཚུལ་ནི།
<<གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས་སྐྱ་བོའི་སྡོད་ཁང་ཇི་ལྟར་བསྐྲུན་ཚུལ་>>ལས།
ཤིང་ལྕགས་རན་དང་ཞུགས་ཤིང་མཛོད། །
དེ་ཡི་མཛོད་སྒོ་ལྷོ་རུ་བསྟན། །
བསོད་ནམས་ཚོགས་རྣམས་རྫོགས་པར་འགྱུར། །
བྱང་ནུབ་གླིང་གི་བྱང་ཕྱོགས་ཆ། །
གཤེན་གྱི་སྤྱད་རྐྱེན་འབྲུ་བཅུད་མཛོད། །
མཛོད་སྒོ་ལྷོ་ཤར་ལྷོ་རུ་བསྟན། །
ལྷ་མོ་བརྟན་མས་བཅུད་སྟེར་འགྱུར། །
མཛོད་སྒོ་ནུབ་ནས་ཤར་དུ་ལྟ། །
གསལ་བའི་མདངས་ཀྱིས་བྱིན་ཕེབས་འགྱུར། །
མཛོད་སྒོ་ལྷོ་ནས་བྱང་དུ་བསྟན། །
གནོད་སྦྱིན་བུ་མོ་མདོག་བཟང་མས། །
རིན་ཆེན་གཏེར་གྱི་དངོས་གྲུབ་སྟེར། །
གནས་མེད་སྐྱབས་དང་རྟེན་གནས་ཏེ། །
སྒོ་ནི་མཚམས་ནས་ནུབ་ཏུ་བསྟན། །
ཐུགས་རྗེ་སྟོབས་ཀྱིས་གནས་བཟང་ཐོབ། །
ཕྱི་ཁྱམས་དེ་ཡི་སྒོ་ཕྱོགས་ཀྱང་། །
ལྷོ་ནུབ་མཚམས་ནས་ནུབ་ཏུ་བསྟན། །
གཡུང་དྲུང་སེམས་པའི་མཐོང་ལམ་འགྱུར། །
བྱང་ཤར་ཁྱིམ་པའི་སྒྲུབ་ཚོགས་སར། །
སྒོ་གཉིས་ལྷོ་དང་ནུབ་ཏུ་བལྟ། །

དེ་བཞིན་ <<ཞང་བོད་ལོ་རྒྱུས་>>ལས། ཁྱམས་ཁ་ཀ་ཚད་འདོམ་ནི་ཕྱེད་དང་གསུམ། །གདུང་ཚད་འདོམ་ནི་ཕྱེད་དང་དོ། །ཁྱམས་ཚད་འདོམ་དོ་ཁྲུ་རེའོ། །ཀ་གཞུའི་ཚད་ནི་ཁྲུ་གང་ངོ་། །བྲེ་ཡི་ཚད་ནི་མཐོ་དོའོ། །ཕུལ་གྱི་ཚད་ནི་མཐོ་གང་ངོ་། །ཕྱམ་བར་ཚད་ནི་ཁྲུ་གང་ངོ་། །ཞལ་ཡས་འོད་རིས་སྣ་ལྔ་ནི་ཕྱམ་ཉིད་ལ་ནི་འོང་བའོ། །ཞེས་གསུངས། ཡང་དེ་ཉིད་ལས། དབུས་ཀྱི་གཙང་ཁང་འདོམ་བཅུ་ལ། །དོ་ནི་ཞབས་རྨིང་ས་ནང་ངོ་། །དོ་ནི་ཁ་བད་ཁང་ཐོག་གོ །ཁྱམས་ཁང་ལ་ནི་ཕྱོགས་བཞིར་སྒོ་བཞིའོ། །ལྕགས་རི་ལ་ནི་ཕྱོགས་བཞིར་འདོར་བའི་སྒོ་བཞིའོ། །དབུས་ཀྱི་གཙང་ཁང་འདོམ་བཅུ་ལ། དོ་ནི་ཞབས་རྨིང་ས་ནང་ངོ་། །ཞེས་གནའ་བོད་ཀྱི་ཁང་པའི་བཟོ་ལས་མདའ་དང་འཕང་སོགས་ཡིག་ཚང་འདི་དག་ལས་བཤད་པ་མང་བར་སེམས།

༼རླན་ཆུ་ཤང་ངམ༽ཁྲ་རིང་ཡུལ་ཚོ་རྡོ་མཁར་གྲོང་དུ་ཡོད་པ་ཁང་པ་སྒོ་བཞི་ཅན་དང་། ཁྲ་རིང་ཡུལ་ཚོ་ས་དམར་ཡར་གྲོང་སྟོང་ཚ་ཚང་གི་ཁང་པ་སྒོ་དགུ་ཅན་ནོ། །གཤམ་ཆུ་ཡུལ་ཚོའི་ཡར་ལྡིང་གྲོང་དུ་ཡོད་པ་ཞར་༼ཇ༽རྒྱུད་མདོ་པའི་ཇ་མཁར་སྨུག་པོ། ཤར་གྱི་སྟག་ཁྲ་བོ་ཞེས་པ་ནོར་རྡོ་ཞིག་དང་། རལ་གྲི་མ་ཧཱ་ཀ་ལ་མདོ་པ་ནམ་ལངས་སྐབས་སུ་བྱུང་སྐད་བཤད། བཤད་ཚུལ་གཞན་ཞིག་ནི་རླངས་གྲུབ་ཐུབ་ཅིག་ལས་བྱུང་སྐད་སོགས་མཆིས། རྒན་རབས་ཀྱི་ངག་རྒྱུན་དུ་ཡར་ལྡིང་གྲོང་ཚོ་ལ། འབྲུ་མཛོད་དམ། བང་བ་སྣ་ཟུར། ལ་ཁའི་བང་བ། བྱང་ཉིན་བང་བ་སོགས་བང་བའམ་འབྲུ་མཛོད་ལྔ་ཡོད་པར་གྲགས་སོ། །

ཤར་སྤྲིན་སྨྱོན་ནས་བྱང་ཐང་ནག་ཆུའི་སྤོ་རྭ་ཚང་གསོལ་འགྲོན་ཁང་དུ་2023བོད་ཟླ་དང་པོའི་ཚེས་གཅིག་གི་ཞོགས་པ་ལ་འབྲིས་པའོ། །
ཡོངས་ཁུངས། ལུག་ཚང་དཔལ་ཡོན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *