ཨ་འཇམ་སྙན་ངག་གསར་པ། 

རྩོམ་ཡིག་འདི་ཐེངས་ 422 བཀླགས་འདུག

བོད་རིག་པའི་སྐད་འཕྲིན་ལས་རྒན་འབའ་སྲས་སོགས་ལ་ཀུ་རེ་ཚུལ་དུ་བྲིས་པ་ཁོལ་དུ་ཕྱུང་།

མེ་ལོང་རྒད་པོའི་དོར་མའི་ཁ་ཐིག་ལ།།
ཅུང་ཟད་ཐུག་ན་ཤ་སྐྱི་དམར་བར་བྱས།།
སྲུང་མ་ཁ་སྤུ་ཅན་པོའི་རྩ་མདུད་ཀྱང་།།
མདང་ནུབ་བརྒྱབ་པ་ཨེ་ཡིན་བག་ལྷོད་གྱིས།།

རྩོད་པའི་ཀླན་ཀ་ཅུང་ཟད་ལུས་པ་འདི།།
སྙན་ངག་རྐུབ་དང་རྐེད་པ་གཞོན་པའི་རྟགས།།
ས་རྡུལ་འཚུབ་ངོ་ཅན་པོའི་ཕ་རོལ་ན།།
སྒེག་པའི་འཛུམ་གྱི་ཕྱེད་ཀ་མཐོང་བའི་རྟགས།།

གླང་ཆེན་ཞོན་པའི་དམག་གིས་མི་སྐྱོབ་ཀྱང་།།
རླངས་འཁོར་ནང་གི་དུ་འཐེན་གཞི་བདག་ཚོས།།
དབྱུག་པ་ཅན་ལ་ཐལ་ལྕག་གཞུ་ཞོར་དུ།།
རྒྱ་གར་བུ་མོའི་མིག་ཟུང་འཚོས་ནས་ཡོད།།

སྙན་ངག་པ་ཡི་ཁྲག་འདི་རྒྱས་པ་ན།།
མེ་ལོང་མ་ཡང་ངུ་བའི་མིག་ཀྱང་འབྱིད།།
ཤེས་རབ་ཁ་སྟབས་ཆེ་བའི་གྲོས་ར་འདི།།
དར་ཤམ་རྩོད་པའི་གཡུལ་འདི་ཨ་རེ་ཡག།

རྒྱ་གར་རྐང་རྗེན་བོད་ལ་འབྱོར་བ་ན།།
ལོ་ངོ་སྟོང་གི་པི་ཝང་ཆག་པོ་བཞག།
བྲག་གི་ཕུག་གི་འབྲོག་པ་རལ་བ་ཅན།།
དེང་རབས་ཀི་ཞིག་འདེབས་པར་ལོང་ཞིག་བྱུང་།།

ཡོ་རུབ་རྒད་པོ་གཉིད་ཀྱང་མི་འོང་བ།།
མེ་ལོང་ངོས་ལ་རྡེལ་ཞིག་འཁེལ་བ་འདྲ།།
འགྲོ་ཞོར་གཏམ་གྱི་ཁ་བཏགས་ལེན་ཚུལ་འདི།།
རྡུལ་དང་མེ་ཏོག་ཅིག་གི་གཏམ་རྒྱུད་ཡིན།།

མེ་ལོང་མ་ཡང་ཡུན་རིང་རུམ་པ་ན།།
སྐྱུར་དྲི་ལྡང་བ་གཞོན་པའི་ཚོར་བ་ཡིན།།
ཚོར་བའི་སྟེང་ལ་བཙུགས་པའི་ཤེད་འདི་ཡང་།།
མེ་ལོང་གཅེས་པའི་དོན་སྒོ་ཡིན་ཡང་སྲིད།།

མེ་ལོང་མ་ཡི་ཐག་པ་རིང་མོ་ཡིས།།
འུ་ཚོའི་སྐེ་ལ་ཚོད་དང་ཚུགས་ཀ་བཞག།
མེ་ལོང་ལྷུ་ཡི་སྐུད་པ་རེ་རེ་ཡིས།།
འུ་ཚོའི་ཤེས་རབ་འཚེམ་ལ་དྲུབ་པར་བྱས།།

རྒྱ་གར་ཐང་ལ་ལུས་པའི་ཤོག་དྲིལ་ཞིག།
གནའ་མྱི་རྒད་པོ་ཞིག་གིས་བོད་ལ་བསྐྱལ།།
རྨ་ཆུའི་འགྲམ་གྱི་ཞིང་བ་འཁྱམ་པོ་ཡིས།།
དགོན་འདབས་ཤིག་ནས་རྒྱ་གར་གཞས་རྙིང་བླངས།།

སྙན་ངག་ཡར་ལ་དེད་ནས་རི་ལ་འགྲོ།།
ཨ་ཕས་ཇ་ཞིག་སྐོལ་བའི་རྗེས་ལ་བལྟ།།
ངག་ནས་ཕེ་ཞིག་བཏབ་པའི་བྲག་ལ་བལྟ།།
བྲག་ལ་རྐོས་ཤིག་བབས་པའི་ཤུལ་ལ་བལྟ།།

མེ་ལོང་བར་སྣང་བཏགས་པའི་བྲོ་ར་ནས།།
དབྱུག་པས་ཕོ་བ་རྡུང་བའི་སྒྲ་ཞིག་ཉན།།
རྒྱ་གར་རྒྱ་བོའི་གཉིད་ཀྱང་མི་དཀྲོགས་ན།།
འུ་ཚོའི་མེ་ཁ་བ་སྤུ་བསྲེགས་ནས་གསོ།།

རྒྱ་གར་ལོ་མའི་ཡི་གེ་བོད་ལ་བཞུར།།
ཁ་ཆེའི་རལ་གྲིར་སྙིང་རྗེ་མེད་པ་འདྲ།།
སྙན་ངག་མེ་ལོང་མ་ཡང་འདས་ལོག་བྱུང་།།
གཙང་སྟོད་ཅིག་ནས་ཆུ་ཐིགས་རག་པ་འདྲ།། ཧ་ཧ

ད་ནི་གཏེར་ཡིག་ཅིག་ཀྱང་དགོས་པ་འདྲ།།
འབའ་ཞེས་བྱ་བ་ལུང་གིས་མ་ཟིན་ཀྱང་།།
ལ་གཞས་དགའ་བའི་མེ་ལོང་སྲུང་འཁོར་ཅན།།
ནུབ་ཕྱོགས་འཕྲུལ་འཁོར་ཅན་ནས་འབྱུང་སོ་ལོ།།

སྐད་ཆ་འདི་ཡང་ཨ་མཚར་ཐབས་སུ་བྱས།།
མེ་ལོང་མ་ཡང་འགྱུར་རྡོ་ཡིན་པར་བྱས།།
འབའ་སྲས་ཚང་ཡང་ཨ་ཕ་ཡིན་པར་བྱས།།
དག་སྣང་འདི་ཡིས་ཨ་སྔོན་སྔོ་བར་བྱས།།

འབད་པས་བཙལ་ཡང་མཚེར་ཤུལ་མི་རྙེད་པ།།
རྒད་པོ་ལག་རྟེན་ཅན་པོའི་སྒྲུང་འདི་ཡག།
བཙིར་ནས་བཞུར་རྒྱུ་མེད་པའི་ཐང་ཆེན་ནས།།
ད་དུང་གསོན་པའི་ཐོད་པ་ས་ལ་བརྡབས།།

ཀུ་རེ་འདི་ལ་ཨ་ལན་མེད་ཀྱང་ཆོག།
སྙན་ངག་ཟེར་བ་བློས་ཀྱང་མ་ཐོངས་པས།།
ཟུར་ཁ་ཅན་གྱི་ཡི་གེ་ཐོད་གཏུགས་ནས།།
འུ་ཚོ་འུར་བ་སེམས་རྩ་དཀར་བས་ཡིན།།
༢༠༢༣ ༦ ༥

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *