འཛུམ་གྱི་༢༠༢༠ ལོའི་མཇུག་མཐའི་སྙན་ངག
རྩོམ་ཡིག་འདི་ཐེངས་ 2459 བཀླགས་འདུག

བྱེའུ། ནམ་མཁའ།
•འཛུམ།
ལོ་འདིར་ང་རང་ལྕགས་དྲའི་བྱེ་འུ་ཞིག།
ལུས་ཀྱི་གཤོག་ཟུང་གནམ་ལ་བརྐྱང་མ་ཐུབ།།
འགུལ་སྐྱོད་དཀའ་ཞིང་ཕར་ཚུར་འཕུར་རེ་བྲལ།།
གཅིག་པུར་བསྡད་ཅིང་གཅིག་པུར་རྒུམ་བུ་བཏུས།།
ད་ནངས་ཤར་རིའི་ཉི་རྩེ་མིག་ལ་འཕྲོས།།
ལྕཌ་དྲའི་གཟེབ་ནས་མགོ་བོ་ཡར་ལ་བཀྱག།
སྒྲོ་སྤུ་མཉེན་མོ་རླུང་བུས་ཡང་ཡང་ཤད།།
ཡ་ཆུང་ཁོག་ལ་བདེ་བའི་དྲོད་ཅིག་འཕྱུར།།
ཧོབ་དེ་ལྕཌ་དྲའི་ལྡེའུ་མིག་སིལ་བུར་འཐོར།།
བྱ་ཁྱུ་མང་པོ་གུ་ཡངས་བག་ཕེབས་ལྡིང་།།
བདེ་ལྕག་འཁྱུག་པོའི་གཤོག་པ་བར་སྣང་རྡེབ།།
ཀྱ་ཀྱུར་ཞི་བདེའི་སྐད་སྒྲས་རང་དབང་བསུ།།
ད་ནས་རང་བྱུང་ལྗོན་པའི་ནགས་ཀླུང་དང་།།
མཐོ་བ་རི་རྩེ་དམའ་མོ་ལུང་པའི་གཤོང་།།
ཟབ་པ་རྒྱ་མཚོ་ཡངས་མོ་ནམ་མཁའི་ངོས།།
གཤོག་པའི་སྣེ་མོ་རྡར་བཞིན་ལྷོད་ཀྱིས་འཕུར།།
དུས་ཀྱི་རླུང་འཚུབ་ལྡང་རུང་ང་མི་སྐྲག།
ནམ་མཁའ་སྔོན་མོ་ང་ཡི་འཕུར་ལམ་ཡིན།།
སྲིད་པའི་དྲག་ཆར་རྒོད་ཀྱང་ང་མི་འཁུམ།།
ས་གཞི་ཡངས་པོ་ང་ཡི་འབབ་སྟེགས་ཡིན།།
31/ 12/ 2020
བསམ་ཚུལ་ཕྲིས།