དོར་མའི་སྙན་ངག་ཚན་པ་གཉིས།
རྩོམ་ཡིག་འདི་ཐེངས་ 491 བཀླགས་འདུག
བཞུད་པའི་ལམ་དང་དྲན་པའི་ཕ་ཡུལ།
ཀྱག་ཀྱོག་སྟོང་གིས་གྲུབ་པའི་ལམ་བུ་ཞིག་བརྒྱུད་ནས།།
གནམ་ས་རྡུལ་གྱིས་བཟུང་བའི་རི་གྲོང་དུ་སླེབས་པའི།།
མགྲིན་པ་མཆི་མས་བརྣང་བའི་ནམ་ཟླ་ཡི་གསེབ་ནས།།
དྲན་གདུང་གཉེར་མའི་རི་མོ་ཐོད་པ་ལ་བརྩེགས་སོང་།།
འདབ་མ་རླུང་ལ་སྤུར་བའི་སྟོན་མཇུག་གི་འཆར་སྣང་།།
དུས་དང་དུས་ཀྱིས་བདས་ནས་ལང་ཚོ་དེ་རྫོགས་ཀྱང་།།
ཤ་དང་རུས་པའི་མཆེད་ཁུངས་སེམས་པ་ལ་སྦྲུམ་ནས།།
འདས་པའི་ལོ་ཟླའི་བཞུད་ལམ་ཕྱི་མིག་ཏུ་བཀོད་ཡོད།།
རྐང་རྗེས་ཁ་བར་བཞག་ནས་རྒྱང་རིང་ལ་འཁྱམ་དུས།།
རྨི་ལམ་མིག་ཆུས་བྲིས་ནས་རྫོགས་པ་ཞིག་མེད་ཀྱང་།།
ཁེར་རྐྱང་ལྷིང་འཇགས་རྒུམ་པའི་སུན་སྣང་གི་གྲུ་ཁར།།
དྲན་པའི་སྙན་ངག་བྲིས་ཀྱང་རྫོགས་པ་ཞིག་མི་འདུག །
ལོ་ཟླའི་ཁ་ཐག་བཙན་པས་གནམ་མཐའ་ལ་ལུས་དུས།།
ཕྱིར་ལོག་མེད་པའི་བཞུད་ལམ་རྐང་རྗེས་སུ་ཕབ་ནས།།
དྲན་སྣང་མཆི་མའི་ཀློང་ནས་སྙན་ངག་ཅིག་བྲིས་ཀྱང་།།
ཁེར་རྐྱང་སེམས་པ་རྒྱང་རིང་རང་ཡུལ་ལ་ཤོར་སོང་།།
དགུན་རླུང་གཤོག་པ་ཐོགས་པའི་གཞན་ཡུལ་གྱི་མི་ཚེ།།
སྤྲིན་དང་ན་བུན་འཐིབས་པའི་རྒྱུས་མེད་ཀྱི་ཡུལ་ནས།།
ཤར་ནུབ་གང་དུ་གཡོ་བའི་ངེས་གཏན་ཞིག་མེད་ཀྱང་།།
ཁྲེལ་གཞུང་ཕྱི་ཐག་རིང་མོ་ཕ་ཡུལ་ལ་བསྲིངས་ཡོད།།
ཕྱི་མིག་ཀློང་ནས་ཕ་ཡུལ་ཁྲེལ་གཞུང་གིས་འཚོས་མོད།།
མི་སེམས་ནང་བཅུད་སྒུལ་བའི་མིག་ཆུ་དེ་འཐོར་དུས།།
རྨི་ལམ་ཆག་འཇིག་བྱུང་བའི་དགུན་ཟླ་ཡི་མཚན་མོར།།
བདག་གི་རྒྱང་མིག་འཐེན་སའི་བར་སྣང་ཞིག་མི་འདུག།
སྐྱིད་སྡུག་རེས་མོས་འཁོར་བའི་རྒྱང་རིང་གི་ཡུལ་ལས།།
ཐོབ་ཤོར་ལོ་ཟླའི་དབར་ནས་ཕྱི་མིག་ཅིག་བལྟས་ཀྱང་།།
སེམས་པའི་ཕྱི་ནང་ཡོད་ཚད་མུན་པ་ལས་མེད་སྟབས།།
དྲན་གདུང་མིག་ཆུའི་ཀློང་ནས་ལང་ཚོ་དེ་རྫོགས་སོང་།།
2019 / 3 / 30 ཉིན་བྲིས།
འཁྱམ་པོ།
མུན་པའི་མིག་ཟུང་ཁྱེར་བའི་ལོ་ཟླ་རུམ་ནས།།
སྐྲ་ལོ་རླུང་གིས་ཟད་ནས་ས་མཐར་གྱར་དུས།།
སྨྲ་བ་ཆད་པའི་མི་རྐྱང་གཅེར་བུར་ཆས་པའི།།
གྱེར་བྲལ་སྐྱུར་ཁ་ཟབ་པའི་ནམ་ཟླ་དྲན་ཡོད།།
མིག་གིས་འཚོ་བའི་ཟླ་བ་རྒྱང་ལ་བཞུད་ནས།།
རེ་བའི་རྨི་ལམ་ཁུར་བའི་ལམ་ཕྲན་ཞིག་དུས།།
གོམ་པ་གང་དུ་སྤོས་ཀྱང་མུན་པ་མཐུག་པས།།
ཁ་བྱང་བོར་བའི་མི་རྐྱང་ས་མཐར་ལུས་ཡོད།།
ལོ་ཟླའི་སྐྲ་ལོ་ནག་པོར་སེར་ཐིག་བརྐོས་ནས།།
རྒྱུས་མེད་གླུ་སྐད་ཅིག་གིས་བྲག་ཅ་སློང་དུས།།
མུན་པའི་ཡོལ་བ་ནག་པོ་གང་དུ་འཐེན་ཡང་།།
ཟླ་བའི་གཙང་པོ་སླར་ཡང་པང་དུ་ལོག་བྱུང་།།
མུན་པའི་ཀློང་གི་ཟླ་བ་ཁེར་བཞུད་བྱེད་དུས།།
སྐྲ་ལོ་ཐང་ལ་ཟགས་པའི་ས་མཐའི་ས་མཐར།།
ལག་པ་བྲང་ལ་བཞག་ནས་ཟླ་བར་ཅེར་དུས།།
མདོ་ལ་རི་བོའི་དབུ་ནས་ཕ་ཡུལ་མཐོང་བྱུང་།།
རྡོག་པ་འཁྱགས་ལ་འབྱར་བའི་ལོ་ཟླ་རེ་རེས།།
ཉི་འོད་འཐུང་བར་གོམས་པའི་མུན་པ་ལྷན་དུ།།
ཁ་དོག་མེད་པའི་རྨི་ལམ་དོག་པ་བསླས་ནས།།
མི་ཡུལ་གྲམ་ཐང་རིང་མོར་སྐྱོ་སྣང་བྲིས་སོང་།།
ཞེ་ལ་ཐོགས་པའི་ཁེར་རྐྱང་མཚན་མོ་རེ་རེས།།
ལོ་ཟླ་གྲངས་ལ་མཐུད་ནས་གླུ་ཞིག་ལེན་དུས།།
དྲན་པའི་གཞུང་གི་ཟླ་བ་གང་དུ་བཞུད་ཀྱང་།།
ཁེར་རྐྱང་གྲིབ་རིས་རིང་མོ་རང་ལ་ཕོག་བྱུང་།།
སྨུག་པའི་ཡོ་ལང་ཁྲོད་ལས་རྒྱང་ལ་ཅེར་དུས།།
ཉི་ཟླའི་ཀློང་ལ་ཟུག་པའི་སྤྲིན་པ་མཐོང་ཡང་།།
མི་ཡུལ་ཁམས་ནས་བོར་བའི་ཟླ་བ་དཀར་པོ།།
མིག་གིས་མཐོང་དུ་མེད་པས་སེམས་པ་སྐྱོ་བ།།
2019 / 4 / 7 / མཚན་མོར་དོར་མིང་བས་བྲིས།
བསམ་ཚུལ་ཕྲིས།