རྟེན་འབྲེལ་བསྟོད་པ།
ན་མོ་གུ་རུ་མཉྫུ་གྷོཥཡ། གང་ཞིག་གཟིགས་ཤིང་གསུང་བ་ཡིས། ། མཁྱེན་དང་སྟོན་པ་བླ་ན་མེད། ། རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། ། གཟིགས་ཤིང་འདོམས་པ་དེ་ལ་འདུད། ། འཇིག་རྟེན་རྒུད་པ་ཇི་སྙེད་པ། ། དེ་ཡི་རྩ་བ་མ་རིག་སྟེ། ། གང་ཞིག་མཐོང་བས་དེ་ལྡོག་པ། ། རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། ། དེ་ཚེ་བློ་དང་ལྡན་པ་ཡིས། ། རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། ། ཁྱོད་ཀྱི་བསྟན་པའི་གནད་ཉིད་དུ། ། ཇི་ལྟར་ཁོང་དུ་ཆུད་མི་འགྱུར། ། དེ་ལྟ་ལགས་ན་མགོན་ཁྱོད་ལ། ། བསྟོད་པའི་སྒོ་ནི་སུ་ཞིག་གིས། ། བརྟེན་ནས་འབྱུང་བ་གསུངས་པ་ལས། ། ངོ་མཚར་གྱུར་པ་ཅི་ཞིག་རྙེད། ། གང་གང་རྐྱེན་ལ་རག་ལས་པ། ། དེ་དེ་རང་བཞིན་གྱིས་སྟོང་ཞེས། ། གསུངས་པ་འདི་ལས་ཡ་མཚན་པའི། ། ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། ། གང་དུ་བཟུང་བའི་བྱིས་པ་རྣམས། ། མཐར་འཛིན་འཆིང་བ་བརྟན་བྱེད་པ། ། དེ་ཉིད་མཁས་ལ་སྤྲོས་པ་ཡི། ། དྲ་བ་མ་ལུས་གཅོད་པའི་སྒོ། ། བསྟན་འདི་གཞན་དུ་མ་མཐོང་བས། …