འབྲོང་ངུར་ཕོ་ཉའི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 252 བཀླགས་འདུག

མི་ལ་རས་པ།


སེང་དཀར་མོ་དང་འགྲོ་འདུག་མཉམ་བྱེད།།
རྒོད་ཐང་དཀར་བཞིན་ནམ་མཁར་ལྡིང་བ།།
ཡུལ་གུང་ཐང་གི་ཨ་ཕོ་མཐུ་ཆེན།།
སེམས་དྭངས་གཙང་གི་རྒྱན་དུ་ཕེབས་ཤོག།

དགྲ་ཉོན་མོང་ལ་མགོ་བོ་མི་སྒུར།།
མ་སེམས་ཅན་ལ་བྱམས་བརྩེ་མི་བཏང་།།
དགུན་གྲང་རེག་ལ་གཅེར་བུས་འགྲན་པ།།
ཡུལ་གངས་ཅན་གྱི་དཔའ་རྒོད་གཅིག་པུ། །

རྫ་ཁྲ་ཡག་གི་འབྲོང་རྒོད་ཁེར་འགྲོ།།
བློ་བབ་ཕེབས་ཀྱི་ཉི་མ་རང་ཤར། །
ཆོས་འབྱུང་བཞི་ལ་རང་དབང་བསྒྱུར་བ།།
ངག་གྲེ་འགྱུར་དང་གདམ་ངག་འབྲལ་་མེད།།

སྔགས་གསར་རྙིང་ཞེས་དབྱེ་འབྱེད་མ་གནང་། །
ཚིག་ཐ་སྙད་ཀྱི་གྲུབ་མཐའ་མ་བཙུགས།།
བཀའ་མདོ་རྒྱུད་ཀུན་ལམ་དུ་འཁྱེར་བའི།།
མགོན་སངས་རྒྱས་ཀྱི་རྒྱལ་ཚབ་འཁྲུལ་མེད། །

རྗེ་འཇམ་དབྱངས་ཀྱིས་ལུང་བསྟན་མ་བསྩལ།།
ལྷ་ཕྱག་རྡོར་གྱིས་བྱིན་རླབས་མ་བྱས།
གདན་གཅིག་ཐོག་ཏུ་སངས་རྒྱས་བསྒྲུབས་པ། །
དོན་རྩོད་མེད་ཀྱི་རྣལ་འབྱོར་དབང་ཕྱུག། །

དབུ་ལྗོན་བུ་ལ་མཁའ་འགྲོའི་ཚོགས་ཁང་།།
གོས་ཀ་ཤི་ལ་ཡི་དམ་སྤྲིན་ཕུང་།།
གནས་ངེས་མེད་དུ་བརྟུལ་ཞུགས་སྤྱོད་པ།།
ལྷརྩ་གསུམ་དང་མཆོག་གསུམ་དབྱེར་མེད།།

འབྲོང་ངུར་ཕོ་ཉས། ༢༠༢༢ /༡༡ / ༢༨

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *