ཨ་འཇམ་གྱི་རྩོམ་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 474 བཀླགས་འདུག

སྙན་ངག་གི་རྨང་གཞི་དང་ཚོར་བ།
ཨ་འཇམ། 

་་་་་་་་་་་་་་་་་་་་་་་་་་་ སྙན་ངག་དང་འབྲེལ་བའི་ལབ་བརྡོལ་་ཐན་ཐུན།

གཅིག
ཁྱོད་རང་ཐོག་མར་སྙན་ངག་གི་ལམ་དུ་ཞུགས་སྐབས་དཀའ་ངལ་ལ་གདོང་ལེན་བྱ་དགོས་པ་དུ་མ་ཞིག་ལ་གདོང་ཐུག་བརྒྱབ་འོང་། དེ་ནི་གསལ་བྱེད་ཀྱི་འགོར་སླའོ་ཞེས་པའི་རྟེན་འབྲེལ་མཚོན་བྱེད་འབྲི་བ་ཇི་བཞིན་སླ་བའི་སེམས་ཁམས་ཤིག་གི་སྔོན་དུ་འགྲོ་འོས། དེ་ནི་གཙོ་བོ་དགའ་མོས་ཀྱིས་བསྐྱེད་པའི་སེམས་བྱུང་གི་སྟོབས་ཤུགས་ཤིག་ཡིན་པས། དགའ་བ་ཡོད་ན་ད་གཟོད་མདུན་གྱི་སྙན་ངག་གི་ལམ་དེ་ཡང་དྲང་ཐད་དུ་བསྲིངས་པའི་གནམ་མཐར་ཟུག་པའི་མདའ་ཐིག་ཅིག་གམ་འོད་ཐིག་སྟེ། ཡང་ལ་མྱུར་བའི་སྣང་བ་ཞིག་ངང་གིས་སྐྱེས་པར་འགྱུར།
གཉིས།
མི་སུ་ལའང་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ནི་ཀྱག་ཀྱོག་གི་འཚོ་བའི་བརྒྱུད་རིམ་ཁྲོད་དུ་གདུ་ཞིང་འཕྱོ་བར་བྱེད། མི་སུས་ཀྱང་སྙན་ངག་མ་བྲིས་ཀྱང་ནང་སེམས་སུ་སྙན་ངག་གི་རྒྱུ་ཆ་དང་ཆ་རྐྱེན་ཡོངས་སུ་གྲུབ་ཟིན། དེ་ནི་ཕྱི་རུ་མངོན་སྐབས་དབྱངས་འགྲོས་ཀྱི་རྣམ་པར་འབྱུང་བའམ། རིས་བརྙན་དུ་མངོན་པ། ལུས་ཀྱི་སྟངས་སྟབས་སུ་འགྱུར་བ། ཡི་གེའི་ལྷུ་ལག་ཏུ་ཞུགས་པ་སོགས་ཅི་རིགས་ཀྱི་སྒོ་ནས་གསོན་ཉམས་དོད་པོར་སེམས་ཀྱི་གཏིང་རིམ་དུ་འགྱུ་བའི་རྟོག་པ་རེ་རེ་དབང་བོའི་ལོངས་སྤྱོད་དུ་སྨིན་གྱི་ཡོད། ནང་སེམས་ནས་ཕྱི་ལ་འཕོ་བའི་བར་བརྒལ་གྱི་གོ་རིམ་ནི་ད་གཟོད་ཅུང་རྙོག་འཛིང་ལྡན་པ་ཞིག་ཡིན་པས། བློ་སྦྱོང་དང་ཐབས་རྩལ། བྱང་ཚད་ངེས་ཅན་ཞིག་དགོས། དེ་ལྟར་གྱུར་ཚེ་ད་གཟོད་སྒྱུ་རྩལ་ཞེས་པའི་མིང་དུ་གདགས་པར་བྱ་ཞིང་། དེ་དག་ཀྱང་ཟུར་ཚད་མི་འདྲ་བ་རེ་རེ་ནས་སྒྱུ་རྩལ་གྱི་ཚད་ཐིག་རེ་རྒྱག་བཞིན་ཡོད། སྙན་ངག་ཅིག་ལ་མཚོན་ན་རྨང་གཞིའི་སྦྱོང་བརྡར་གྲུབ་མིན་ནི་ཆེས་འགངས་ཆེ་བའི་གནད་དོན་ཞིག་ཡིན། དེ་ནི་དང་ཐོག་སྙན་ངག་མང་དུ་ཀློག་པ་དང་བྲི་བ། མཉན་པ་སོགས་སྔོན་འགྲོའི་ཆ་རྐྱེན་ཚང་མིན་ལ་རག་ལས་ཡོད།
གསུམ།
སྙན་ངག་འབྲི་དུས་ཚོར་བ་མེད་པར་གྱུར་བའམ་ནག་འཐོམ་མེར་གྱུར་བ། བན་བུན་དུ་གྱུར་བས་ཡི་གེ་རྐྱང་བའི་ངོས་ཁོ་ནར་ལུས་པར་འགྱུར། དེ་ནི་སྙན་ངག་གསར་དུ་འཇུག་པ་མང་བོ་ཞིག་གི་གནད་དོན་དུ་གྱུར་ཡོད། དེ་ནི་གཙོ་བོ་ཡི་གེ་དེ་དག་ཀྱང་ནང་སེམས་དང་མ་འདྲེས་པས་ཡིན། གཙོ་བོ་སྦྱོང་བརྡར་ལ་མ་གོམས་པས་ཡིན། དེས་ན་ཐ་སྙད་རེ་རེ་འགྱིག་རྡེའུ་བཞིན་སྣོལ་སྡེབ་དང་བརྗེ་སྤོར་གྱི་ཐབས་རྩལ་ལ་བྱང་མིན་དང་། དེ་ཡང་ནང་སེམས་ཀྱི་བརླན་དང་དྲོད། ཤེད་ལ་འདྲེས་མིན་ལ་རག་ལས་ཡོད། གནད་དོན་འདི་དག་ཐག་མ་ཆོད་པའི་སྔ་རོལ་ཏུ་རང་ཉིད་ལ་ཚོད་བགམ་འདྲ་མིན་བྱ་རྒྱུ་དེ་ཡིན། ཚོར་བ་དག་ཡི་གེའི་སྣང་བརྙན་དུ་བཞུར་དགོས་པས། དེ་ལྟ་བུའི་གོ་རིམ་ཁྲོད་དུ་ཡི་གེའི་གཟུགས་རིས་ལས་རྟོག་པའི་ཡིད་བརྙན་མ་མངོན་པ་ནི་སྙན་ངག་གི་སྔོན་འགྲོ་ཆ་རྐྱེན་མ་གྲུབ་པའམ་བློ་སྦྱོང་ལ་མ་བྱང་བའི་རྟགས་སུ་འཁུམས་སོ།།
བཞི།
གལ་སྲིད་ནང་སེམས་ཀྱི་བག་ལ་ཞ་བའི་འཕྱོ་འགྱུ་རེ་རེ་ཕྱིར་སྔོག་འདོན་བྱ་དགོས་ན། ཐོག་མར་ཚོར་བ་རང་བྱུང་དུ་བཞུར་བར་འཕྲད་པའི་འགལ་རྐྱེན་དག་བསལ་དགོས། དེ་དག་སེལ་བར་ཆེད་དུ་སྣང་ཚུལ་དང་གནད་དོན། གནས་ཚུལ་གང་ཞིག་ལ་ཆེད་དུ་གདོང་ཐུག་རྒྱག་ཏུ་འཇུག་པའི་སྟ་གོན་ཡོད་འོས། དེས་ན་གྲུང་ཤ་དོད་པོར་སྣང་ཚུལ་སོགས་ཀྱི་སྐད་ཅིག་མ་གང་དེའི་ཐུན་མིན་གྱི་གྲུབ་ཆའམ་ཆ་ཤས་རེ་རེ་ཟིན་པར་བྱ་རྒྱུ་དེ་ཡིན། དེ་ཡང་ནང་སེམས་ནས་ཕར་བལྟ་བ་ལས་ཕྱི་ཡུལ་གྱི་ངོས་རྐྱང་བ་ཞིག་ཏུ་འགྱུར་མི་རུང་། དེ་ནི་གཙོ་བོ་ཡུལ་དང་ཡུལ་ཅན་གྱི་ངོ་བོར་གཅིག་ཏུ་འདྲེས་ཚུལ་ཞིག་ཡིན། དེ་ནི་སྙན་གཞུང་གི་སྐད་དུ་བརྗོད་ན། ཡིད་འགྱུར་མངོན་ཚུལ་ཞིག་ཡིན། སྙན་ངག་ལ་ནང་སེམས་ཀྱི་ཁ་རླངས་ཐོལ་ལེ་འོང་རྒྱུ་དེ་ཤིན་ཏུ་གལ་ཆེ། འདི་ལྟར་བྱ་དགོས་ན། ང་ཚོས་སྙན་ངག་འཚོལ་བ་ཞེས་པའི་བཤད་རྒྱུན་ལ་རྒྱུ་མཚན་ཞིག་ཡོད་དེ། ཕྱི་རོལ་གྱི་མི་ཚོགས་འཁྲིགས་ས་ནས་འབྲི་བ། གཙང་བོའི་རླབས་ཤུགས་རྒོད་ས་ནས་འབྲི་བ། དུར་ཁྲོད་ནས་འབྲི་བ། སྤང་གཞུང་ནས་འབྲི་བ། རི་རྩེ་ནས་འབྲི་བ། ལྷིང་འཇགས་ཀྱི་ཁམས་ནས་འབྲི་བ་སོགས་ཡུལ་གྱི་གདམ་ག་འདྲི་མིན་ལས་ཚོར་བའི་འགྱུ་བག་འདྲ་མིན་རེ་རེར་ཡིག་ངོར་འགོད་པར་གོམས་དགོས། དེ་ནི་ཚོད་བགམ་ཞིག་དང་ཚོར་བའི་མྱོང་ལེན་ཞིག་ཀྱང་ཡིན་ཏེ། དེ་དག་ཀྱང་ཆུ་ལས་རྡོ་བ་བླངས་པ་ལྟ་བུ་མ་ཡིན་པར། རས་ལ་སྣུམ་གྱིས་ཟིན་པ་ལྟ་བུ་ཡིན་འོས། དེ་ལྟར་བཞེངས་པའི་ཚོར་བ་རེ་རེ་ཡི་གེའི་སྲོག་ཏུ་གྲུབ་མིན་ནི་རང་ཉིད་ཀྱིས་ཐད་ཀར་དུ་རྟོགས་མི་ཐུབ་སྟེ། དུས་དེར་ཚོར་བ་དེ་གའི་ཤུགས་དང་ལྷན་དུ་ཡོད་པས་ཡིན། ཉིན་འགར་སྙན་ངག་དེ་ཟུར་འཇོག་བྱས་ཏེ་སྔར་གྱི་ཚོར་བ་ཉམས་ཟིན་རྗེས། ཡང་བསྐྱར་རང་ཉིད་ཀྱིས་བྲིས་པ་དེ་བཀླག་ན་སྔར་གྱི་ཚོར་བའི་གདེངས་སུ་འཕོ་ཐུབ་ཚེ། ཁྱོད་ཀྱི་ཚོད་ལྟ་དག་ལེགས་པར་འགྲུབ་བཞིན་པའི་མཚོན་རྟགས་ཤིག་ཡིན།
ལྔ།
ད་དུང་སྙན་ངག་ལ་ཚོར་བས་མ་ཟིན་པའི་གནད་དོན་གཞན་ཡང་ཡོད་དེ། ཐ་སྙད་བཙོ་སྦྱངས་ཀྱི་གནད་དོན་ཡིན། ཐ་སྙད་གསོག་སྦྱངས་དང་ཐ་སྙད་གདམ་གསེས། ཐ་སྙད་འཚོལ་སྒྲུབ། ཐ་སྙད་བཀོལ་ཐབས་ལ་ཆགས་ཐོགས་ཆེས་ཆེར་མེད་པར་འགྱུར་དགོས་པར་མ་ཟད། ཐ་སྙད་རེ་རེ་འཕྲད་སྡེབ་བྱེད་སྐབས་བྱེད་ནུས་མི་འདྲ་བ་རེ་རེར་འགྱུར་བས། ཐ་སྙད་ཀྱི་ཆོས་ཉིད་དེ་དག་རེ་རེ་ངོས་དགོས། དེ་ལྟ་ན་མིང་མཛོད་དང་བརྡ་དག དམངས་ཀྱི་ཐ་སྙད། གཞན་གྱི་སྙན་ངག་ཏུ་བཀོལ་བའི་ཐ་སྙད་དག་རང་ཉིད་ཀྱིས་ཉམས་སུ་ལེན་དགོས། མིང་མཛོད་སོགས་ཀྱི་དཔེ་དེབ་ཡོད་པའམ་བལྟས་པ་ཙམ་གྱིས་མི་ཕན་ཏེ། དེ་ནི་ཚོང་ཁང་གི་ཚོང་ཟོང་དག་ཁྱོད་ཀྱིས་མཐོང་བ་ཙམ་ལས་ཁྱོད་ཀྱི་རྒྱུ་ནོར་དུ་གྱུར་མེད། གཙོ་བོ་ལག་ལེན་ཁྲོད་དུ་རང་ཉིད་ལ་དབང་བར་བྱ་འོས། དེ་ལྟ་ན་ཐ་སྙད་དག་ནི་ཚོར་བའི་ཉམས་ལེན་ལས་གང་འདོད་དུ་དགོས་འདུན་སྔོག་འདོན་བྱེད་ཐུབ་པས། ཐ་སྙད་དེ་དག་ཆེད་དུ་སཉཉན་ངག་ཏུ་བཀོལ་སྤྱོད་ཡང་ཡང་བྱས་ཏེ། ཐ་སྙད་ལ་དབང་འབྱོར་བ་ལྟ་བུར་ནང་སེམས་ཀྱི་ཉིན་སྲིབ་རེ་རེའི་ཚོར་བའི་དཀར་ནག་རེ་རེ་སྔོག་ཐུབ་པ་ཞིག་ཏུ་འགྱུར་རོ།།
དྲུག
སྙན་ངག་གི་ཚོར་བའི་ཁམས་སུ་འཇུག་པར་གནད་དོན་གཞན་ཡང་ཡོད་དེ། སྙན་ངག་ལ་གསར་དུ་ཞུགས་པ་དག་ལད་ཟློས་རྐྱང་བར་གོམས་ཡོད། ལད་ཟློས་ནི་སྙན་ངག་གི་རྨང་གཞིའི་སྦྱོང་བརྡར་ལ་ངེས་པར་དགོས་པའི་ཆ་རྐྱེན་ཞིག་ཡིན་མོད། ནམ་ཡང་ལད་ཟློས་རྐྱང་རྐྱང་གི་སྙན་ངག་ལ་རོལ་ན། སྒེར་གཤིས་ཀྱི་ཚོར་བའི་ཉམས་ལེན་ལ་གནོན་ཤུགས་བྱུང་བས། ཚུགས་ཐུབ་ཀྱི་གཉུག་གཤིས་སྔར་བཞིན་བག་ལ་ཞ་བར་འགྱུར་བས། སྙན་ངག་དེ་དག་ཀྱང་ཚིག་གི་རོལ་རྩེད་ཙམ་ལས་དོན་དངོས་སུ་རང་གཤིས་ཀྱི་བག་ཏུ་ཉལ་བའི་རླབས་རྒྱུན་དག་ཕྱི་ལ་འཕྱོ་དཀའ། དེ་ནི་གཙོ་བོ་ཁྱོད་ཀྱི་སྙན་ངག་ནི་རང་ཉིད་ཀྱི་ཚོར་བའི་ཀློང་དུ་འདྲེས་མེད་པར་གཞན་གྱི་སྣ་ཐག་གིས་འཁྲིད་པའི་གཡག་རྒན་གཡུང་མ་ཞིག་དང་འདྲ་སྟེ། ཁྱོད་ཀྱི་ནང་སེམས་ཀྱི་རྟ་མཆོག་ད་དུང་གློད་ཐུབ་མེད་དོ།། རིམ་གྱིས་ཁྱོད་ཀྱི་གཞན་གྱི་འདྲ་བཤུས་ལས་བུད་དེ་རང་ཉིད་ཀྱི་རྟོག་པའི་ཀློང་དུ་འཇུག་དགོས། དེ་ནི་རང་ཉིད་ཀྱི་ཚོར་བས་བསྐྲུན་པའི་སྙན་ངག་གི་སྟ་གོན་ཡོངས་སུ་གྲུབ་པ་ཡིན་ནོ།།
༢༠༢༡ ༦ ༢༣ ལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *