ཆང་སྐྱེས་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 1902 བཀླགས་འདུག
མཚན་ལྗོངས་རིང་མོ།
ཆང་སྐྱེས།
ཟླ་བ་ཁེར་འགྲོ་མཚན་མོའི་མཁའ་ན་འདུར།།
བདག་སེམས་སྙི་མོ་མུན་པའི་ཀློང་ན་སྐྱོ།།
འཁོར་ཡུག་ལྷིང་འཇགས་ཆེ་བའི་སུན་སྣང་གིས།།
ཐ་མག་ཚེ་སྲོག་རེ་རེ་ཤུགས་ཀྱིས་རྔུབ།།
མགོ་བོ་ལག་པས་བསྐྱོར་བའི་ཧྲག་བར་ནས།།
སེམས་ཀྱི་བུ་ཆུང་ལང་ཤོར་རི་ལ་ཞོགས།།
འཁྲེང་སེམས་ཞེན་ཆགས་ལྕི་མོའི་རྡོག་སྒྲ་འདི།།
ཡ་ཆུང་བྱང་ཁོག་སྟོད་ན་ལྗིད་ཏིག་ཏིག།
བྱང་ཕྱོགས་ཨ་སྔོན་དགུང་གི་ཕ་མཐའ་ནས།།
སྐར་མ་ཞིག་ཀྱང་གློ་རྡེག་ས་ལ་ལྷུང་།།
ཕྱི་རོལ་ལྗོན་ཤིང་ལོ་མའི་གུར་ནང་ན།།
བྱེའུ་ཆུང་རྨས་མ་ཞིག་ཀྱང་ཡོད་པ་འདྲ།།
སེམས་པ་ནང་ལ་བཀུག་པའི་ཁུགས་སོ་ན།།
ཁྱོད་ཀྱི་ཞལ་རས་ཡིད་ལ་ཡང་ཡང་འཁོར།།
མིག་ཟུང་བཙན་གྱི་བཙུམ་སྟེ་ཉལ་ན་ཡང་།།
དོ་ནུབ་གཉིད་ཀྱི་མི་ཡོང་ཁོ་ཐག་རེད།།
དང་པོ་ཁྱེད་དང་མ་ཐུག་མ་འཕྲད་པར།།
གཉིས་བ་འབྲེལ་འདྲེས་འདི་མོ་མེད་ཀྱི་ན།།
དུངས་བ་ཟབ་རུ་སོང་བའི་སྐྱོ་གདུང་འདི།།
བདག་གིས་འཁུར་ཏེ་སྡུག་འདི་བཏགས་དོན་མེད།།
སྐྱ་རེངས་བུ་མོ་འཛུམ་པའི་འོད་སྣང་གིས།།
འཁོར་ཡུག་རི་བོའི་རྨི་ལམ་རྨང་ནས་དཀྲོགས།།
ཁེར་རྐྱང་རི་ན་ལུས་པའི་བུ་ཆུང་ངས།།
རང་སེམས་སྡུག་ལ་སྦྱར་བ་ཉུང་ཉུང་མིན།།
༢༠༢༡ ༠༤ ༢༢ མཚན་མོ།
བསམ་ཚུལ་ཕྲིས།