ཆང་གཞོན་ནུའི་སྙན་གསར་ཞིག
རྩོམ་ཡིག་འདི་ཐེངས་ 719 བཀླགས་འདུག
གོས་དཀར་ལྷ་རྗེར་ཕུལ་བའི་སྙན་ཚིག་ཨུ་དུམ་ཝ་ར།
ཆང་གཞོན་ནུ། མཚོ་ལྷོ།
ཨེ་མ་གང་གི་གསང་གསུམ་སྒྱུ་འཕྲུལ་གྱི་དྲ་བས། །
ངག་རིག་པད་མོར་ཆགས་པའི་རྐང་དྲུག་གི་ཚོགས་ལ།།
ངག་གི་ཀློང་ཆེན་བརྡོལ་ལ་རམ་འདེགས་དེ་བདེན་ན།།
ད་ལྟ་ཉིད་དུ་བདུད་རྩིའི་ཟིལ་ཐིགས་ཙམ་སྩོལ་རོགས།།
འགྲོ་བའི་བདེ་སྡུག་ཐུགས་ཀྱིས་རྒྱང་རིང་དུ་མ་དོར། །
སྐྱེ་འགྲོ་ཡོངས་ལ་རིས་མེད་བྱམས་པ་ཡིས་སྐྱོང་བ། །
ན་ཚའི་གདུང་བ་ཞི་བསིལ་བདུད་རྩི་ཡིས་སེལ་བ། །
སངས་རྒྱས་སྨན་གྱི་ལྷ་ལ་གུས་ཕྱག་གིས་འདུད་དོ། །
གངས་ཀྱི་ས་འཛིན་དུ་མས་ཕྱོགས་ཡོངས་སུ་བསྐོར་བའི།།
རང་རེའི་གངས་ལྗོངས་ས་ཡི་ཐིག་ལེ་ནས་འཁྲུངས་པ། །
བོད་ཀྱི་འཚོ་བྱེད་དང་པོའི་སྙན་གྲགས་ཀྱི་བ་དན། །
ཕྱོགས་སུ་གཡོ་བའི་དུང་གི་ཐོར་ཅོག་ཅན་མཆོད་དོ། །
གངས་ཅན་གསོ་བ་རིག་པའི་སྙན་པ་དེ་འཕུར་དུས། །
གསོ་བཤད་བསྟན་པ་དར་བའི་ཁྲི་སྲོང་གི་སྐབས་སུ།།
ལྷ་ཡི་རྗེ་བོར་བཀུར་བའི་མཚན་ཐོབ་དེ་བྱིན་པ། །
རྒྱུད་བཞིའི་མཛད་པོ་གཡུ་རྙིང་མགོན་པོ་ལ་འདུད་དོ།།
ད་ནི་གོ་ལའི་ཁྱོན་ལ་ནད་ཡམས་ཀྱིས་གཙེས་ཤིང་། །
སྐྱེ་འགྲོའི་གཅེས་སྲོག་གཅིག་རྗེས་གཉིས་མཐུད་དུ་འཕྲོག་པ།།
ཕྱོགས་ཀུན་ནད་ཀྱི་རྒོལ་བས་འཇིགས་པ་ཡིས་ཁེངས་དུས། །
འཚོ་བྱེད་ལྷ་རྗེ་ང་ཚོའི་སྐྱབས་མགོན་དུ་ཕེབས་བྱུང་། །
ཁྱེད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་དཔལ་འབར། །
བག་ལ་ཞ་བའི་ནད་པའི་སྙིང་ཁ་ནས་བསྒྲོན་པས། །
ཀུན་ནས་ཕམ་པའི་ནད་པའི་མུན་པ་རང་སེལ་ནས། །
གདོང་ལ་རེ་བའི་ཉི་གཞོན་དལ་དལ་གྱིས་འཛུམ་བྱུང་། །
ཁྱེད་ཀྱི་ལྷག་བསམ་ཟླ་བ་མཁའ་དབྱིངས་སུ་འཛུམ་དུས། །
ནད་ཀྱིས་གདུང་བའི་སྐྱེ་བོ་སྡུག་བསྔལ་ལས་གྲོལ་ཏེ། །
དགའ་བདེས་མྱོས་པའི་ཞལ་གྱི་ཀུ་མུད་དེ་གྲོལ་ནས། །
བདེ་སྐྱིད་འཛུམ་པའི་མགོ་ལྕོག་ལན་མང་དུ་ལྡེམ་བྱུང་། །
ཉིན་མཚན་དབྱེར་མེད་དུས་ཚོད་ཉེར་བཞི་ཡི་རིང་དུ། །
པྲོག་དབྱིབས་ནད་ངན་དེ་དང་གཡུལ་འགྱེད་དེ་བཤམས་ནས།།
ཁོང་ལོང་ཇ་ཡུན་ཙམ་ཡང་ཆུད་ཟོས་སུ་མ་བྱས། །
ཀུན་ཏུ་རྒྱུ་བའི་འཕགས་པ་བྱང་སེམས་དང་ཁྱད་མེད། །
གཉེན་དང་བུ་ཕྲུག་ཡོད་ཀྱང་རེ་ཞིག་དེར་བསྐྱུར་ནས། །
གཞན་དོན་ཁོ་ནར་འབད་པ་བྱམས་སེམས་ཀྱི་བདག་པོ།།
དེ་བས་བྱང་ཆུབ་སེམས་དཔའ་གཞན་ས་རུ་མི་འདུག །
སྙིང་རྗེའི་སྤྱན་ལྡན་ལྷ་རྗེ་སེམས་དཔའ་རང་རེད་དོ། །
ཀུན་ནས་གཞན་ཕན་ནོར་བུའི་མཛེས་རྒྱན་དེ་སྤྲས་པའི།།
ལྷག་བསམ་ཆུ་ཤེལ་ཟླ་བའི་ཅོད་པན་གྱིས་མཛེས་པའི། །
དུས་ཐོག་ཆར་བ་ལྟ་བུའི་ལྷ་རྗེ་ཡི་ཚོགས་ལ། །
སྙན་ཚིག་ཨུ་དུམ་ཝ་རའི་མགུལ་རྒྱན་འདི་འབུལ་ལོ། །
སྙིམ་པའི་མེ་ཏོག་དམར་བོ་ཁྱེད་ལ་འབུལ།
ཁྱོད་ནི་དོ་ཆར་བཤམས་པའི་ཐང་ག་ཨེ་ཡིན། །
ཐང་གའི་ངོས་ལ་བབས་པའི་སྒྲོལ་མ་ཨེ་ཡིན། །
ཞལ་ལ་བརྩེ་བ་འཁྱིལ་བའི་སྒྲོལ་ལྗང་ཨེ་ཡིན། །
ཐུགས་ལ་ཞི་བ་འཁྱིལ་བའི་སྒྲོལ་དཀར་ཨེ་ཡིན། །
ཡང་ན་པི་ཝང་འཁྲོལ་བའི་དབྱངས་ཅན་ཡིན་ནམ། །
ང་ཡིས་མི་ཕྱེད་དད་པས་ཁྱོད་རང་བསྟེན་འདོད། །
ཁྱེད་ལ་སྙན་མོ་ཚིག་གི་ཞལ་ཁེབས་འགེབ་འདོད། །
ཁྱེད་ལ་གཞུང་དྲང་ཡིད་ཀྱིས་མཐའ་ཤིང་བརྒྱག་འདོད། །
ཁྱེད་ལ་མི་ཕྱེད་སྙིམ་པའི་འཆིང་ཐག་བསྐོན་འདོད། །
ད་དུང་མཆོད་པའི་མགུར་མ་མང་དུ་བཞེངས་འདོད། །
གསོན་དང་མི་ཡུལ་ཁམས་ཀྱི་བརྩེ་བའི་ལྷ་མོ། །
ན་ཆུང་སེམས་པ་གཡོས་པའི་ངང་ཚུལ་ཨེ་མཐོང་། །
མངོན་ཆུང་ཡ་ཆུང་འགུལ་བའི་སྒྲ་དབྱངས་ཨེ་ཐོས། །
ཉམ་ཆུང་ཁ་ངོ་སྐྱེངས་པའི་ཉམས་ཚུལ་ཨེ་ཚོར། །
མདོར་ན་ཁྱེད་ལ་འཁྲེང་བའི་རྣམ་འགྱུར་ཨེ་རེད། །
བསམས་ན་བརྩེ་བ་ཆགས་པའི་གོ་རིམ་ཨེ་རེད། །
མཚན་གྱི་རྨི་ལམ་ཡོད་ཚད་ཁྱེད་ཀྱིས་ཉུལ་བས། །
རྨི་ལམ་ཐུན་གཅིག་ལའང་ཤ་ཚ་འཆོར་འོང་། །
ཁྱེད་ཀྱི་བརྩེ་བའི་སྤྱན་ལ་ཡུན་གྱིས་བལྟས་ན། །
གཉོམ་པའི་སེམས་པ་འདི་ངུ་སྙིང་འཆོར་ཨང་། །
ཁྱོད་ཀྱི་རྒྱབ་གཟུགས་མོག་པོ་ཡིད་ལ་ལྷུང་ན། །
བྱང་ཁོག་སྟོད་ཀྱི་སྙིང་ཆུང་ཐང་ལ་ལྷུང་འགྲོ། །
ང་ཡི་ནམ་ཟླ་དབྱར་ལ་ཁ་བ་བབས་སོང་། །
མཚན་གྱི་རྨི་ལམ་རེ་རེ་འཁྱགས་ལ་འབྱར་སོང་། །
རྣམ་ཤེས་ཁུ་བྱུག་ལྷོ་མོན་ཡུལ་ལ་བཞུད་སོང་། །
སྡུག་གི་ཚེར་མ་ང་ཡི་ལུས་སུ་སྐྱེས་ཀྱང་། །
བརྩེ་དུང་ཡིད་བཞིན་ནོར་བུའི་རིན་ཐང་ཉམས་མེད། །
གདུང་བའི་མིག་ཆུ་ང་ཡི་སེམས་ལ་འཁྱིལ་ཡང་། །
ཞེ་འདང་ཆར་དང་ཉི་མའི་འོད་ཀྱིས་གསོས་པའི། །
སྙིམ་པའི་མེ་ཏོག་དམར་བོ་ཁྱེད་ལ་འབུལ་འདོད།།
དྲན་མགུར་དབྱར་ཆུ་བྲུག་མ།
འདི་ནས་ཕར་བལྟས་རི་བོའི་མུ་ཁྱུད་མཐོང་། །
ས་འཛིན་ཐོད་དུ་ན་བུན་བཅིངས་པ་མཐོང་། །
དེའི་སྐེད་ནགས་ཚལ་སྐ་རགས་ཙམ་ཞིག་མཐོང་། །
རི་ཡི་ཕར་ནང་ཅི་ཡིན་མནོ་བསམ་བཏང་། །
དེ་ཡི་ཕ་རོལ་གང་ཡིན་རྟོག་པས་བཙལ། །
གང་ལྟར་དེ་ཡི་ཕ་མཐར་སོན་པའི་ཚེ། །
ང་ཡི་ཆུང་འདྲིས་ཤིག་གི་ཕ་ས་མཐོང་། །
ཡུལ་དེར་ང་ཡིས་བརྩེ་བའི་རི་མོ་བྲིས། །
ཡུལ་དེར་ང་ཡིས་དྲན་པའི་འཁྲི་ཤིང་བཙུཊ། །
ན་ཆུང་དུས་ཀྱི་རྨི་ལམ་རྨི་ས་དང་། །
སྐྱིད་སྡུག་མིག་ཆུ་མཉམ་དུ་འཐོར་ས་ཡིན། །
སྙིང་གཏམ་སྙིམ་པའི་ཁུད་དུ་བྱོ་ས་ཡིན། །
ཕྱིར་དྲན་ཤམ་བུ་ལྷོད་ཀྱིས་འཕྱོ་ས་ཡིན། །
ད་ལྟ་བསམས་ན་སེམས་ཀྱི་གས་ཁ་རེད། །
ཕྱིར་འདང་བརྒྱབ་ན་ལོ་ཟླའི་རྨ་ཁ་རེད། །
ང་ཡི་སེམས་པ་ཆུང་ཆུང་མ་བསླད་གོང་། །
ང་ཡི་གཤིས་ཀ་ལྷད་མེད་མ་བསྣོགས་གོང་། །
ཁ་ཡག་མཚར་གཏམ་གང་ཡང་མ་བསླབ་གོང་། །
གཞན་བསྟུན་ཚུལ་འཆོས་སྤྱོད་པ་མ་ཡོད་གོང་། །
ཁྱོད་ཀྱང་མེ་ཏོག་བཞིན་དུ་མཚར་དུས་སུ། །
སྐྱེ་གཟུགས་སྨྱུག་ཚིགས་བཞིན་དུ་སྒེག་དུས་སུ། །
འུ་གཉིས་འདང་བརྩེ་འོ་ཆུ་མཉམ་འདྲེས་ཡིན། །
འུ་གཉིས་ཞེ་འདང་དར་དཀར་མདུད་པ་ཡིན། །
བརྩེ་བ་ལ་ནི་གང་ཡིན་མ་ཤེས་མོད། །
དོན་གྱི་བརྩེ་བའི་མར་ལོ་ལོན་ནས་ཡོད། །
དུང་བ་ལ་ནི་གང་ཡིན་མ་ཤེས་ཀྱང་། །
དུང་བའི་རི་མོ་དངོས་སུ་རྙེད་ནས་ཡོད། །
ཁྱོད་དང་འུ་གཉིས་ལས་ཀྱིས་གཅིག་ཏུ་འདུས། །
ཁྱོད་དང་འུ་གཉིས་ལས་འཕྲོའི་ཞགས་པ་ཆད། །
ང་ཡིས་ཁྱོད་དང་བྲལ་བའི་ཉིན་མཚན་དུ། །
ཁེར་རྐྱང་གདུང་བའི་མྱ་ངན་འཁུར་བཞིན་དུ། །
སྐྱོ་ཡུས་འཁོར་བའི་སེམས་པ་གཉོར་བཞིན་དུ། །
ཁེར་སྡུག་གདུང་བ་གཅིག་པུས་ཁུར་ནས་ཡོད། །
སྐྱོ་བའི་སྙིང་ཆུང་སྙན་ངག་འཁར་བར་བརྟེན། །
ཡ་ཆུང་ཕུགས་སུ་ཁྱོད་ཀྱི་བཞིན་རས་ཤར། །
རྣ་བའི་བུ་གར་ཁྱོད་ཀྱི་གསུང་སྐད་འཁོར། །
དྲན་པའི་ཁུད་དུ་ཁྱོད་ཀྱི་སྣང་བརྙན་བབས། །
མཚན་གྱི་རྨི་ལམ་རེ་རེར་ཁྱོད་རང་ཕེབས། །
སྙིང་གཏམ་གློད་ཅིང་བརྩེ་བའི་ཟུར་མིག་གཡོ། །
ཕན་ཚུན་འཐམ་ཞིང་འཁྱུད་པའི་ལས་ལ་འཇུག།
རྩེ་དགོད་བྱེད་ཅིང་འཛུམ་པའི་དགོད་སྒྲ་སྒྲོག།
ལག་པས་ལག་པ་དམ་དུ་འཛིན་པ་དང་། །
ཚེ་གཅིག་ལས་འཕྲོའི་སྨོན་ལམ་འདེབས་པ་མཐོང་། །
ཡིན་ཡང་མཚན་རེར་ཧར་སད་ཐེངས་ཤིག་གིས། །
རྨི་ལམ་གཏོར་ཅིང་དྲན་པ་འཁྲུགས་པར་བྱས། །
སྔས་མགོ་བརླན་ཅིང་སྨྲེང་བ་སླར་ཡང་སྐྱེས། །
མགྲིན་པ་ཁེགས་ཤིང་ཡ་ཆུང་འཚངས་ནས་ཡོད། །
ལོ་ཟླ་གཙང་བོ་ཤུགས་ཀྱིས་བཞུར་ཤུལ་དུ། །
ངས་ནི་ཕྱིར་དྲན་རི་མོ་རུམ་བཞིན་དུ། །
རུས་ལ་ཟུག་པའི་ཆུང་འདྲིས་དྲན་བཞིན་དུ། །
སྨྲེང་སྐྱོའི་སེམས་པ་སྙན་ངག་ཁོ་ནར་གླན། །
2020/2/1ལ་བྲིས་སོ། །
ངག་གི་རྨིག་རྡུལ་དཀྲིགས་པའི་ནམ་མཁའ།
ཆུ་འཛིན་འཁྲིགས་པའི་ལྷ་ཡི་རྫིང་རིང་འཇའ་འོད་ཀྱིས་བསྐྲུན་གུར་ཁང་དུ། །
ས་གསུམ་མཛེས་པའི་གཟི་མདངས་འཕྲོག་པ་དཔལ་གྱི་སྒེག་པས་དྲེགས་གྱུར་པ། །
རིག་བྱེད་ངག་གི་རྒྱལ་ཡུམ་ཆེན་མོ་གླུ་དང་གར་གྱིས་རྩེན་ལགས་ན། །
སྐྱེ་དགུའི་དང་འདྲེན་རྣ་བའི་བཅུད་ལེན་ངག་གི་ཡོན་ཏན་བདུད་རྩི་ཡི། །
འགྲོ་བའི་སྙིང་དང་སྙན་དབང་བཟི་བའི་རོ་མངར་ད་དུང་འཁྱིལ་ལགས་ན། །
མཁྱེན་པའི་ཐུགས་རླབས་ཕྱོགས་བཞིའི་ཉལ་འགྲོའི་གཏེར་གྱི་རླབས་ལ་རབ་འཁུ་བ། །
ཡེ་ཤེས་ཉི་ཟླའི་དཀྱིལ་འཁོར་གསལ་བ་སྲིད་གསུམ་མུན་པ་གཞོམ་མཛད་པ། །
སྙན་འགྱུར་སྟོང་ལྡན་ཕྱག་སྟོང་འཕྲུལ་གྱིས་རྒྱུད་མངས་ལན་ཅིག་དཀྲོལ་བ་དང་། །
ཀ་ལ་པིང་ཀའི་སྒྲ་དབྱངས་ཟིལ་གནོན་སྒྱུ་འཕྲུལ་སྙན་པའི་བརྡ་གླུ་བཞེངས། །
དེས་ཀྱང་ནད་ཀྱི་མྱ་ངན་གྱིས་གདུང་སྐྱེ་བོར་དངོས་གྲུབ་སྤྲིན་ཆར་འཇོ། །
དེ་ཡིས་སེམས་སུ་བདུད་རྩིའི་སྨན་སྦྱིན་ནད་ཀྱི་གདོན་ལས་གྲོལ་བདེན་ན། །
འཁོར་བའི་ཞིང་དུ་འཁོར་བའི་སྡུག་བསྔལ་རབ་ཏུ་འཁོར་བའི་འཁོར་བ་རུ། །
མྱ་ངན་གྱིས་གདུང་སྐྱབས་གནས་འཚོལ་བཞིན་དབྱངས་ལ་ཆགས་པའི་ཐ་མལ་བ། །
ངག་གི་དངོས་གྲུབ་རབ་ཏུ་འདོད་ཅིང་ལྷ་མོ་འཚོལ་ལ་ཡིད་རངས་པའི། །
མགྲིན་པ་ལོངས་སྤྱོད་འཁོར་ལོའི་གདན་དུ་ཁབ་ཏུ་བསུ་ལ་རབ་བྲེལ་བའི། །
ངག་གི་ཡུམ་ཆེན་ཚངས་ཆེན་སྲས་མོ་ཚེ་རབས་ཀུན་ལ་བསྟེན་མགུ་བ། །
སྒྲིབ་གཉིས་མིག་ཟུང་རབ་ཏུ་བསྒྲིབས་པས་ལྷ་མོ་མཐོང་བའི་མིག་ལྡོངས་པ། །
ལས་ཉོན་ལྕི་བས་ཐོས་འཛིན་དབང་བོས་ལྷ་མོས་དཀྲོལ་བའི་སྒྲ་མ་ཚོར། །
ཀུན་ཏུ་རྒྱུ་ཞིང་ཕྱོགས་ལྷུང་བྲལ་བའི་འགྲོ་བ་ཀུན་གྱི་ཡུམ་ཆེན་མོ། །
བརྩེ་ཆེན་སྤྲིན་པ་འཁྲིགས་པའི་ཕང་ནས་དངོས་གྲུབ་རྩྭ་རྩེའི་ཟིལ་བའི་ཆ། །
བདག་ལ་གནངས་ཏེ་རྗེས་སུ་ཟུངས་ཤིག་འཇིགས་པ་ཀུན་སྐྱོབ་སྒྲོལ་མའི་སྤུན། །
བྱམས་པ་ཆེན་པོས་རིགས་དྲུག་ཡོངས་སུ་སྐད་ཅིག་ཙམ་ལའང་མི་སྡོད་པར། །
གློག་གི་འགྱུ་དང་རླུང་གི་སྤུན་ལྟར་སྲིད་པ་ཀུན་ཏུ་བྱོན་བདེན་ན། །
མི་ཕྱེད་དད་པས་ལུས་ངག་ཡིད་ཀྱིས་ཡང་ཡང་བསྟེན་པའི་དད་ལྡན་བདག །
རིས་སུ་མ་གཅོད་རྒྱང་དུ་མ་འཕུད་བདག་གི་ལྷ་མོ་མཚོ་བྱུང་མ། །
ཡིད་ཀྱི་གདུང་བ་ཤིན་ཏུ་ལྕི་ཚེ་སྙན་པའི་ངག་གིས་བདག་སེམས་གསོ། །
སྨྲེང་སྐྱོའི་ཁ་བ་སེམས་སུ་བབས་ཚེ་ངག་རིག་འོད་ཀྱིས་དྲོད་ཁོལ་སྦྱིན། །
ལམ་གྱི་གྲོགས་དང་ལས་ཀྱི་སྤུན་ཡིན་བདག་ནི་རིག་བྱེད་ངག་ལ་ཆགས། །
དེ་ལ་བྱིན་རླབས་ཚན་ཁ་སྩོལ་མཁན་རྡོ་རྗེ་ངག་རིག་ལྷ་མཆོག་རེད། །
བསྙེན་ཅིང་བཀུར་ན་ཚེ་རབས་ཕྲེང་བར་རྗེས་ནས་མ་འདོར་ཡིད་འཕྲོག་མ། །
ལྔ་རིག་མཁས་པའི་དབང་བོ་ཡིན་ཡང་ཁྱེད་རང་རྟག་ཏུ་མཆོད་ཀྱིན་ཡོད། །
གྲུབ་པའི་དབང་ཕྱུག་ཆེན་མོ་ཡིན་ཡང་ཁྱེད་ལ་རྟག་ཏུ་བཀུར་ནས་ཡོད། །
རྒྱལ་བསྟན་གཙང་མའི་ཤིང་རྟའི་སྲོལ་འབྱེད་རྒྱལ་བ་གཉིས་པར་གྲགས་པ་ཡི། །
བློ་བཟང་གྲལས་པའི་དཔལ་མཆོག་གིས་ཀྱང་སྙན་པར་འདོད་ཚེ་ཁྱེད་ཉིད་བསྟེན། །
དེ་དང་དེ་མིན་རྒྱ་གར་འཕགས་ཡུལ་མཁས་དང་དབང་བོའི་ཁྱུ་མཆོག་རྣམས། །
གངས་ཅན་ལྔ་རིག་པཎ་གྲུབ་བྱེ་བས་ཁྱེད་རང་བསྟོད་ཅིང་ཁྱེད་ལ་གུས། །
ངག་རིག་སྨྲ་བའི་དབང་བོ་རྣམས་ཀྱིས་ཁྱེད་ལ་རྟག་ཏུ་སྙན་ངག་འབྲི། །
མཁའ་རུ་རྒྱུ་བའི་མཁའ་འགྲོའི་ཚོགས་ཀྱིས་ཁྱེད་ཀྱི་མཐའ་ནས་ཡོངས་སུ་བསྐོར། །
དབེན་པ་བསྟེན་པའི་རྣལ་འབྱོར་རྣམས་ཀྱིས་ཁྱེད་ལ་མཆོད་པ་རྒྱུན་མི་ཆད། །
སྙན་འདོད་བུ་སློབ་ཁྲག་ཁྲིག་དུ་མས་ཁྱེད་ལ་གསོལ་འདེབས་རྒྱུན་མི་ཆད། །
ཁྱེད་ཀྱི་སྙན་པའི་གྲགས་པའི་བ་དན་སྲིད་པ་གསུམ་དུ་གཡོ་བ་ལགས། །
ཁྱེད་ཀྱི་མཛེས་སྡུག་དཔལ་གྱི་ཆ་ལ་ལྷ་རྣམས་འགྲན་པའི་སྤོབས་པ་ཞི། །
ཁྱེད་ཀྱི་སྙན་པའི་གསུང་དབྱངས་ཀུན་གྱིས་ལྷ་དང་ལྷ་མིན་དམ་ལ་འདོགས། །
ཁྱེད་ཀྱི་སྙན་པའི་སྒྲ་དབྱངས་འཇམ་པོས་ནགས་ཀྱི་རི་དྭགས་ཚུར་ལ་བཀུག།
ཁྱེད་ཀྱི་གསུང་དང་ཁྱེད་ཀྱི་ངག་གིས་འགྲོ་ཀུན་སེམས་པ་བདུད་རྩིས་བཟི། །
ཁྱེད་ཀྱི་གསུང་སྙན་ལན་གཅིག་ཐོས་པས་སྐྱེ་འགྲོའི་མྱ་ངན་གདུང་བ་ཞི། །
དེ་བས་ཁྱེད་ཀྱི་ལྗགས་རྩེ་ལས་ལྷུང་ཞལ་ཆུ་ཡིན་ཡང་བདག་ལ་གནོངས། །
ཟིལ་ཐིགས་ལྟ་བུའི་ཞལ་ཆུ་ཙམ་ཡང་བདག་ནི་དགའ་བས་དང་དུ་ལེན། །
སྙན་ངག་རྟ་སྲབ་སྒུལ་བའི་སིལ་སྒྲ།
སྤྲིན་པ་ལགས་ང་ལ་གསོན་དང་ཆུང་འདྲིས་ལ་འཕྲིན་ཞིག་སྐུར་རོགས། །
དོ་ནུབ་ང་གཙང་བོའི་ངོགས་སུ་གཅིག་པུ་རུ་འཆམ་འཆམ་བྱེད་ཞོར། །
འདས་སོང་ལ་ཕྱིར་དྲན་བྱེད་ཞོར་སེམས་པ་འདི་སྨྲེང་བས་མནར་ཡོད། །
དྲན་གདུང་གི་རྟ་ཕོ་རྐྱང་ནག་ལས་དབང་གི་ནད་ཀྱིས་གདུང་བས། །
འཁང་ར་དང་སྨྲེང་གཏམ་གང་མང་ཆུ་མིག་གི་ཟོལ་གྱིས་བརྡོལ་ཡོད། །
ཕྲན་ཆུང་ནི་འཁོར་བའི་སྒྲོག་ལ་སྔ་མོ་ནས་ཚུད་ཙམ་བྱུང་བས། །
འཇིག་རྟེན་གྱི་བྱ་དངོས་ཀུན་ལ་རེ་ཞིག་ལ་ཨ་ཐང་ཆད་ཡོད། །
ལོ་ཟླ་འདི་ལང་ཚོ་ཟ་བའི་གཟུགས་མེད་ཀྱི་མེ་ལྕེ་ཡིན་ནམ། །
ལོ་ཟླ་འདི་ན་ཚོད་རྐུ་བའི་གཟུགས་མེད་ཀྱི་ཆོམ་རྐུན་ཡིན་ནམ། །
ང་ཚོ་ནི་ན་ཚོད་རྒྱས་ཚེ་ཆགས་སྡང་གི་ཚོར་འདུ་ཇེ་ཆེ། །
དྲངས་གཙང་གི་བྱིས་བློ་ནོག་ཚེ་གཡོ་ཟོལ་གྱི་སྤྱོད་པ་ཇེ་བདོ། །
སྡུག་བསྔལ་ནི་སྔར་ལས་ལྕི་ཞིང་སེམས་པ་ལ་རྨ་ཁ་ཇེ་མོད། །
འཁོར་བ་ཡི་སྙིང་བོ་བཙལ་མོད་སྙིང་བོ་ནི་གང་དུ་མཆིས་ཨང་། །
སྐབས་སྐབས་སུ་ནགས་ན་གནས་པའི་རྣལ་འབྱོར་ལ་སྨོན་པ་འཆོར་ཨང་། །
མཚམས་མཚམས་སུ་སྒར་དགོན་སྙེག་པའི་གྲྭ་བཙུན་ལ་ཡང་ཡང་སྨོན་ནོ། །
ང་ཚོ་ནི་མི་ཡུལ་འགྲིམས་པའི་འཇིག་རྟེན་གྱི་མགྲོན་པོ་ཡིན་ནམ། །
ང་ཚོ་ནི་ས་ཐོག་གནས་པའི་ཉམ་ཆུང་གི་ཚེ་སྲོག་ཡིན་ནམ། །
བརྩེ་བའི་ནི་དམ་བཅའ་དང་པོར་རྒྱབ་འགལ་ནི་ང་ཚོས་བྱས་ཡོད། །
མི་ཁ་དང་མི་ཁའི་བར་ནས་ང་ཚོ་ནི་ཤིག་བཞིན་ཆུང་ཨང་། །
ཞེ་འདང་གི་འོ་ཆུའི་ཆུ་རྒྱུན་ད་དུང་ཡང་ལྷོད་མེད་ཡིན་པའི། །
སྒྲོལ་མ་ཞིག་ང་ལ་ཡོད་ནི་ཚེ་གཅིག་གི་ནོམ་དུ་བརྩིས་ཆོག །
ཆུང་འདྲིས་ལགས་ད་ལྟ་གང་ན་སྐུ་གཟུགས་ནི་བདེ་མོ་ཨེ་ཡིན། །
ས་མཐའི་ནི་བུ་ཕོ་ང་རང་ཡ་ཆུང་ན་ད་དུང་ཡོད་དམ། །
སྔོན་ཆད་ཀྱི་སྙིང་གཏམ་ཁ་ཤས་བྱང་ཁོག་ནས་བརྗེད་མེད་ཨེ་ཡིན། །
དྲན་པ་ཡི་འཕྲིན་པ་ཁ་ཤས་རླུང་བུས་ནི་ཁྱོད་ལ་ཨེ་བརྗོད། །
དྲན་གདུང་གི་ན་ཟུག་ལྕི་མོ་ཁྱོད་ཀྱིས་ཀྱང་ཚོར་བ་བྱུང་ངམ། །
བསིལ་རླུང་གི་རྒྱུ་བ་ཡང་མོས་ཚོད་ཚོད་ལ་གྲང་ཤ་བྱིན་ན། །
ན་ཆུང་གི་འུ་གཉིས་བར་གྱི་གཏམ་རྒྱུད་ཀྱང་ཁ་ཤས་དྲན་ཡོང་། །
གློ་རྡེག་ཏུ་ས་སྲོད་སླེབས་ཏེ་མཚམས་སྤྲིན་གྱི་མཛེས་པ་མངོན་ན། །
སྐྱེ་འབྲས་ནི་མེ་ཏོག་ལྟ་བུའི་ཁྱོད་ཁོ་ན་སེམས་སུ་ལྷུང་ངོ་། །
དུས་ཀྱི་ནི་འཁོར་ལོ་འདི་ཀོ་བར་མེད་དུ་འཁོར་བ་ཡིན་ཡང་། །
ན་ཆུང་གི་བརྩེ་དུང་གི་འདི་ཀོ་རུས་བརྐོས་ཀྱི་རི་མོ་ཡིན་ནམ། །
ཡང་ན་ནི་རྩ་ལམ་ཀུན་ཏུ་རྒྱུ་བཞིན་པའི་ཁྲག་རྒྱུན་ཡིན་ནམ། །
གསུབ་ཐབས་ནི་ག་ལ་ཡོད་དེ་སྔར་བས་ཀྱང་ཇེ་གསལ་ཇེ་གསལ། །
བརྗེད་ཐབས་ནི་ག་ལ་ཡོད་དེ་སྔར་བས་ཀྱང་ཇེ་དྲན་ཇེ་དྲན། །
དེ་ལྟ་ཡང་ལས་དབང་ཟེར་བ་བཙན་པོ་ཡི་བཀའ་རྒྱ་ཇི་བཞིན། །
དེ་ལྟ་ཡང་ལས་འཕྲོ་ཟེར་བ་ཚེ་སྔོན་གྱི་བཀོད་སྒྲིག་ཇི་བཞིན། །
ཐོག་མདའ་དང་སད་སེར་ཇི་བཞིན་ལུས་ཐོག་ལ་བབས་ཏེ་ཡོང་ན། །
ཉམ་ཆུང་གི་ལས་དབང་འདི་ལ་གདུང་སེམས་ཀྱི་མཆི་མ་ཨེ་འབྱིན། །
མངོན་ཆུང་གི་ང་རང་ཚོ་ལ་ཐབས་དང་ནི་བཀོད་པ་ཅི་མཆིས། །
བསམ་ཚུལ་ཕྲིས།