འོ་མ་མཚོ།

རྩོམ་ཡིག་འདི་ཐེངས་ 834 བཀླགས་འདུག

རྩོམ་པ་པོ་ནགས་ཤོད་ཅོང་བརྡའི་སྒྲུང་རྩོམ་གསར་པ་ཞིག

འོ་མ་མཚོ། ངོ་མ་བཤད་ན། ངས་ཁྱོད་དྲན་པར་མི་འོས་སོ།། ཡིན་ནའང་དེ་རིང་ཁྱོད་ཀྱི་གྲོགས་མོ་ཞིག་གི་སྐད་འཕྲིན་གྱི་རྒྱབ་ངོས་སུ་ཁྱོད་ཀྱི་པར་མཐོང་བྱུང་བས། ངས་གློ་རྡེག་ཏུ་མི་ལོ་བཅོ་ལྔའི་གོང་གི་གནས་ཚུལ་དག་རེ་རེ་བཞིན་དྲན་བྱུང་། དེ་རིང་ངས་ཁྱོད་ཀྱི་པར་ལ་ཐེངས་ཁ་ཤས་བལྟས་པ་ཡིན།  ཞིབ་ཏུ་བལྟས་ན་ཁྱོད་ཅུང་ཟད་རྒས་འདུག་ཨང་།  ཁྱོད་ཀྱི་འགྲམ་དུ་གོས་ཧྲལ་ཧྲུལ་གོན་པའི་བྱིས་པ་གཉིས་པོ་དེ་ཁྱོད་ཀྱི་ཡིན་ནམ། འོ་མ་མཚོ། ཁྱོད་ཀྱི་གནས་ཡུལ་སྐྱིད་པོ་ཨེ་རེད།  ཁྱོ་ཀས་ཞེ་འདང་ཨེ་ཆེ། བུ་ཕྲུག་དག་ཆེན་པོར་ཆགས་ཡོད་དམ། དེ་དག་སློབ་གྲྭར་གཏོང་གི་ཡོད་དམ། ཁྱོད་མགོ་ཅུང་ཟད་ན་རྒྱུ་ཡོད་པས་དེང་སང་ཅི་འདྲ་རེད།  ཁྱོད་ཀྱིས་སྨན་པར་བསྟེན་ནམ།  ངས་འདི་ལྟར་འདྲི་འདོད་པའི་སྐད་ཆ་དག་ཅི་ལྟར་དྲིས་ཀྱང་ཁྱོད་ཀྱིས་གོ་མི་སྲིད། ལྷག་ཏུ་ངས་ཡི་གེར་བྲིས་ཚེ་ཁྱོད་ཀྱིས་དེ་བས་མཐོང་མི་སྲིད། མཐོང་ནའང་ཀློག་མི་ཤེས་མོད།  རེད་དེ། ཁྱོད་ཀྱིས་གོ་ན་ཆོག་ལ་མ་གོ་ནའང་ཆོག་པས། ངས་ལོ་བཅོ་ལྔའི་གོང་གི་གནས་ཚུལ་གང་དྲན་ཡི་གེར་འགོད་རྒྱུ་ཡིན།
འོ་མ་མཚོ།  ཁྱོད་ཀྱིས་དྲན་ནམ།  ཐོག་དང་པོ་ང་ཚོ་དབྱར་གཞུང་དེར་དུད་རོགས་ཡིན་དུས་སུ།  ཁྱོད་ང་ལས་ལོ་གཉིས་ཆུང་བས།  ཁྱོད་ཀྱིས་ཨ་མས་ཁྱོད་ང་དང་མཉམ་དུ་བེའུ་འཚོ་རོགས་བཏང་བ་དང་། ལོ་དེར་འུ་གཉིས་བེའུ་མཉམ་དུ་འཚོས་ཏེ།དུས་ཚོད་ཕལ་ཆེ་བ་རྩེད་རྡོ་བསྒྲིགས་ཤིང་ཁྱིམ་ཚང་ཕྱུག་པོ་ཞིག་ཡིན་ཁུལ་བྱས་ཏེ། ང་ཁྱིམ་ཚང་དེའི་ཕ་རྒན་ཡིན་ཁུལ་དང་ཁྱོད་མ་རྒན་ཡིན་ཁུལ་བྱས་པ་དག་དྲན་ནམ།  ད་དུང་ཕྲུ་གུ་འགའ་ཡོད་ཁུལ་བྱས་པ་དྲན་ནམ།    ད་དུང་ཉིན་ཞིག་ཕྱིང་ཞུའི་འོག་ཏུ་ཁྱོད་ཐང་ལ་ཉལ་ནས་ང་སྒང་དུ་འགོས་ཤིང་གཅིག་བྱེད་ཀྱིན་ཡོད་ཁུལ་བྱས་པའང་དྲན་ནམ།  ཧ་ཧ། དགོད་བྲོ་བ་ལ་ཨང་། ཁྱིམ་མི་ཚོས་ང་གཉིས་མཉམ་དུ་བེའུ་འཚོ་རུ་གཏང་ན། བེའུ་ཡག་པོ་འཚོ་བཞིན་འདུག་ཅེས་བསྟོད་ར་ཡང་ཡང་ཐེན་བྱུང་བས། ང་གཉིས་དེ་བས་མཉམ་དུ་འགྲོགས་རྒྱུའི་གོ་སྐབས་མང་དུ་སོང་བའི་ལོ་དེར།  ཁྱོད་ཀྱིས་ཉིན་ཞིག་ཨ་མར་”སྒོར་མོ་ཞིག་སྤྲད་རོགས་”ཞེས་ཞུ་བ་ཡང་ཡང་བྱས་ཤིང་། 
 ཨ་མས་”སྒོར་མོ་ཅི་བྱ་རྒྱུ་ཡིན་”ཞེས་དྲིས་པ་ན། ང་ལ་”སྟེར་རྒྱུ་ཡིན་”ཞེས་ཁྱོད་ཀྱི་ཕ་ཡར་དང་ཨ་མ་གཉིས་ཀ་ཧང་སང་དུ་བཅུག་པར་རུ་སྡེ་དེའི་གླེང་ཕྱོགས་ཤིག་ཏུ་གྱུར།  དེས་མ་ཟད།ཕྱིས་སུ་ང་ཚོ་ནར་སོང་དུས་ཁྱོད་ཀྱི་ཨ་མས་ང་ལ་བསྙད་བརྐོ་ཞོར་དུ། “འོ་མ་མཚོས་ཆུང་དུས་ནས་ཁྱོད་ལ་སྒོར་མོ་སྤྲད་རྒྱུ་དགོས་ཡོད་ལབ་ཀྱིན་འདུག། དྭ་དེང་སང་སྒོར་མོ་ལེན་བཞིན་ཡོད་དམ།” ཞེས་དགོད་བཞིན་ཟུར་འདྲི་བྱས་དུས་སུ། ང་ནི་ངོ་ཚ་ཞིང་གདོང་པ་ཡོངས་རྫོགས་ཚ་ལམ་ལམ་དུ་གྱུར་ཅིང་། ཅི་ཞིག་བཤད་དགོས་མ་ཤེས་པར་ཧད་དེ་ལུས་བྱུང་།    བྱིས་དུས་ཀྱི་རྩེད་རོགས་དགོད་རོགས། བེའུ་འཚོ་རོགས་དང་མེ་ཏོག་འཐུ་རོགས། འོ་མ་མཚོ།  ང་གཉིས་དེ་ལྟར་ནར་སོང་ཞིང་། ང་ཁྱེད་ཚང་གི་ནང་ནས་འཕུད་རྒྱུ་མེད་པ་དེ་ག་ལེར་འགྱུར་སོང་ལ། ཁྱོད་ཀྱང་ངེད་ཚང་གི་ནང་དུ་ཡང་ཡང་རྒྱུགས་ཡོང་བ་དེའང་འགྱུར་སོང་། ཡིན་ནའང་སེམས་ཀྱི་ནང་དུ། གློ་མཆིན་པའི་ཞབས་སུ། ངས་ཁྱོད་མི་གཞན་དང་བལྟ་སྟངས་མི་འདྲ་ལ། ཁྱོད་ཀྱིས་ང་ལའང་དེ་ལྟར་ཡིན་པ་ངས་ཤེས་ཡོད། ལོ་དེར། ཁྱོད་མོ་ལོ་བཅུ་སུམ་ཡིན་དུས་ཀྱི་ལོ་དེར།  རུ་ཚོ་བདུན་གྱི་རྟ་རྒྱུགས་དུས་ཆེན་གྱི་ཉིན་དེར།  རྟ་གྲོ་དཀར་མགྱོགས་པ་རླུང་གི་གཤོག་པ་ཅན་དེའི་གོང་གི་བུ་ཆུང་དེ། སྐྲ་ལོ་རིང་མིན་ཐུང་མིན་བཞག་པའི་བུ་ཆུང་དེ་ང་ཡིན་ལ།  རྟ་ཁ་ལེན་ས་རུ་སེམས་འཚབ་འཚུབ་ཀྱིས་སྒུག་བཞིན་པའི་ངའི་ནང་མི་ཉེ་འབྲེལ་དག་གི་གྲལ་དུ་ཁྱོད་ཀྱང་ཡོད།  རྟ་ཁ་བླངས་ཟིན་པ་དང་། ང་ཚོའི་གྲོང་པའི་མི་རྣམས་ཀི་བཏབ་ཅིང་ངེད་མི་རྟ་གཉིས་ལ་ཁ་བཏགས་སྐོན་བྱུང་བས། ཁྱོད་ཀྱིས་ཀྱང་ང་ལ་ཁ་བཏགས་རིང་པོ་ཞིག་སྐོན་ཞོར་”སྐད་གྲགས་བཞག་སོང་”ཞེས་བཤད་བྱུང་བ་ནི་ང་ལ་མཚོན་མ་ཉིན་དེའི་གཟིངས་བཟོས་ཡག་ཤོས་དེ་ཡིན།  ལོ་དེའི་དགུན་ཁར་ཁྱོད་ཀྱི་ཕ་ཡར་དང་ཨ་མ་གཉིས་ཀ་སྟོད་ཉི་མ་ལྟ་ས་རུ་ཇོ་བོ་མཇལ་དུ་བུད་སོང་པའི་ལོ་དེར། སུ་ཞིག་གིས་སྣ་མགོ་ནས་སྙབ་ཀྱང་མི་མཐོང་བའི་མཚན་མོ་ཞིག་ལ། ང་ཁྱོད་ཀྱི་འགྲམ་དུ་སོང་ཞིང་། ངས་དལ་གྱིས་ཐུ་སྣེ་ནས་ཐེན་དུས་སུ། ཁྱོད་ཀྱིས་”སུ་རེད། འདི་སུ་རེད། ཨ་མ། འདི་སུ་རེད།” ཅེས་འཕག་བྱུང་བ་དང་། ངས་གློག་ཞུ་སྒྲོན་ཞིང་ང་ཡིན་པ་ངོ་ཤེས་སུ་བཅུག། ཁྱོད་ཀྱིས་ང་ངོ་ཤེས་པ་དང་”རང་རེད་འདུག། ངས་སྡེ་རེད་བསམ་ནས་སྐྲག་བྱུང་”ཟེར་ཞིང་ཐུ་སྣེ་ལྷོད་ཅིང་རུམ་ཁུག་ཚ་བོ་དེར་ཉལ་དུ་བཅུག་བྱུང་།  དྲིན་ཆེན་ཨ་མའི་ལག་ཟུང་ལས་རེག་མ་མྱོང་བའི་ཁྱོད་ཀྱི་སྐེད་པ་ཕྲོ་མོ་ཕྲོ་མོ་དེ། སྟག་ཤར་བའི་སེན་རྗེས་དོན་མེད་པའི་ཁྱོད་ཀྱི་མྱོས་བུམ་ཆུང་ཆུང་ཆ་དེ།  དམར་ལ་མདགས་ཆགས་ཡོད་པའི་ཁྱོད་ཀྱི་འགྲམ་པ་ཆུང་ཆུང་དེ།  མེ་ཏོག་ཞལ་ཁ་ཕྱེ་འདྲའི་ཁྱོད་ཀྱི་མཆུ་སྒྲོས།  ཤ་ཁ་གོང་ཞིང་དཀར་ལ་འཇམ་པའི་ཁྱོད་ཀྱི་ལག་ཆུང་། ཡོད་ཚད་ང་ལ་ཕངས་མེད་དུ་སྦྱིན་བྱུང་། ཡོད་ཚད་ང་ལ་ཚེགས་མེད་དུ་བསྟེར་བྱུང་། ངས་ཁྱོད་ཀྱི་གོས་ཐུང་གི་སྒྲོག་ཐག་མདུད་ཁ་དལ་མོར་བཤིགས་དུས་སུ། ཁྱོད་ཀྱིས་ཅི་ཞིག་དྲན་པ་ལྟར། ང་ལ་”ཁྱོད་ཀྱིས་བུ་མོ་གཞན་པའི་སྒྲོག་ཐག་བཤིགས་མྱོང་ངམ་”ཞེས་དྲིས་བྱུང་། དྲི་བ་དེས་ང་ཅུང་ཟད་དཀའ་རུ་བཅུག་བྱུང་།ངས་བཤིགས་མ་མྱོང་ཟེར་ན་སྟག་ཤར་བའི་ལ་རྒྱ་འཆོར་འགྲོ་བར་དོགས་ཤིང་། བཤིགས་མྱོང་ཟེར་ན་ཁྱོད་ཀྱིས་ང་ལ་གོ་སྐབས་འདི་མ་སྤྲད་ཚེ། གྲོགས་ཁ་ལ་ཡོད་དུས་ལྕེས་འཕུད་པ་དང་འདྲ་བས། ངས་ཅི་ཞིག་བཤད་དགོས་སམ། རེད་དེ། ངས་ཁྱོད་ལ་རྫུན་ལབ་ན་མི་འོས་པ་བསམ་ཞིང་”བཤིགས་མྱོང་”ཞེས་བཤད།  “སུ་རེད། དཔ་མཚོ། ཉི་སྒྲོན། དབང་མོ་སྐྱིད། ཅེས་གྲོང་པའི་བུ་མོ་དག་གི་མིང་ནས་བཟུང་ཞིང་རེ་རེ་བཞིན་དྲིས་བྱུང་། ངས་”དེ་དག་མ་རེད་”ཅེས་གསལ་འདེབས་བྱས།  ཁྱོད་ཀྱི་ལང་ཚོའི་མེ་ཏོག་ང་ལ་སྤྲད་པའི་མཚན་མོ་དེ་ནས་བཟུང་། མཆོད་མེ་མཚན་འབར་དེའི་འོག་ཏུ། འགྲམ་པ་ཆུང་ཆུང་གཉིས་མཉམ་དུ་གླན་པའི་མཚན་མོ་དེ་ནས་བཟུང་། ངས་ཁྱོད་ཀྱི་བརྩེ་བ་དཀར་པོ་དུང་རེད་སྙམ་ཡོད། ངས་ཁྱོད་མཛའ་བ་དམར་པོ་ཁྲག་རེད་སྙམ་ཡོད། 
འོ་མ་མཚོ། འོད་འཚེར་འཚེར་གྱི་མིག་ཟུང་རྣོན་པོ་དེས་ང་ལ་བལྟས་ཡོང་ན། འཇམ་ཉུག་ཉུག་གི་ལག་ཟུང་ཆུང་ཆུང་དེས་ང་ལ་འཁྱུད་ཡོང་ན། ང་དབང་མེད་དུ་ཁྱོད་ཀྱི་སྐྲ་བདག་ཡིན་སྣང་སྐྱེ། ང་ཐབས་མེད་དུ་ཁྱོད་ཀྱི་སྐྱ་ཡ་ཡིན་ན་སྙམས། “ང་ལ་ཁྱོད་ཀྱི་ཕྲུ་གུ་འཁོར་འདུག། ང་གཉིས་ཐག་རིང་ཐག་རིང་ཞིག་ཏུ་གྲོས་ཨེ་འགྲོ། དཔེར་ན་རྒྱ་གར་ལྟ་བུ།” ཞེས་ཁྱོད་ཀྱིས་དྲིས་པའི་རྒྱུན་ལྡན་མ་ཡིན་པའི་དྲི་བ་དེ།  ངས་རྣ་བ་གཡས་པས་བསུས་ཤིང་གཡོན་པ་ནས་བཏང་བཞག་པའི་དྲི་བ་དེ། ངས་ཀུ་རེ་རེད་བསམ་ཞིང་ལེན་འོས་འཚམས་ཤིག་མ་བརྒྱབ་པའི་རེ་བ་དེ། ང་ལོ་ན་ཆུང་སོང་བས་ཡིན་ནམ། ང་གླེན་དྲག་པས་ཡིན།  འོ་མ་མཚོ། ངས་ཁྱོད་ལ་འོས་མེད་བྱས་སོང་།  ངས་ཁྱོད་ཀྱི་རེ་བ་ཆུ་ལ་གཡུགས་སོང་། འོ་མ་མཚོ། ཁྱོད་གློ་བུར་དུ་དེ་ལྟར་འགྲོ་དོན་ཅི།  ཁྱོད་ལ་རང་དབང་མེད་པ་ངས་ལོས་ཤེས། རེད་དེ།  ཁྱོད་ཀྱིས་ང་ལ་གནས་ཚུལ་དེ་གསལ་པོར་བཤད་ན་ཆོག་མོད། ཁྱོད་ཀྱིས་ང་ལ་ཆད་བཤད་ཆད་གསང་བྱ་དོན་ཅི། གློ་བུར་དུ་ཁྱོད་བུད་སོང་། གློ་བུར་དུ་ཁྱོད་ངའི་མིག་ལམ་ནས་བརླགས་སོང་།ཞོགས་པ་དེར། ཁྱེད་ཚང་གི་སྒོ་ཁ་རུ་སྐྱ་མི་ལྔ་བབས་འདུག། ཕར་ལྟས་ཚོད་ལ་ཐག་རིང་ནས་ཡོང་བ་དང་འདྲ། ཁྱེད་ཚང་གི་སྒོ་ཁ་རུ་རྒྱུན་དུ་སྐྱ་མི་འགའ་ཡོང་གིན་འདུག་པས། ངས་དེ་རིང་གི་སྐྱ་མི་དེ་ཚོ་དམིགས་བསམ་ཞིག་ཡིན་པ་ག་ལ་རྟོགས།  ཉིན་དེའི་དགོང་མོ་གྲིབ་ཆུང་ནག་ཡར་ཡོར་དུ་གུག་དུས་སུ། ངས་ལུག་ཁྱུ་དེད་ཅིང་ནང་དུ་ལོག་ཡོང་བའི་ཉིན་དེར། ང་ནང་དུ་སླེབས་དུས་ངའི་ནུ་བོས་”དེ་རིང་འོ་མ་མཚོ་བག་མར་བུད་སོང་”ཟེར། སྐད་ཆ་དེས་ངའི་མགྲིན་པ་བརྣངས་སུ་བཅུག་བྱུང་། སྐད་ཆ་དེས་ངའི་སྙིང་ཆུང་གི་ལྡིང་ཚད་ཇེ་མགྱོགས་སུ་བཏང་བྱུང་།སྐད་ཆ་དེས་ང་ལ་སུན་སྣང་གི་ཁོར་ཡུག་མག་མོག་ཅིག་བསྐྲུན་བྱུང་། ཁྱོད་འགྲོ་ཁར་ང་བདེ་མོ་ཞིག་མི་ལབ་དོན་ཅི་ཡིན། ཁྱོད་ཀྱིས་ང་ལ་ཞེ་འདང་དེ་ལས་མེད་པ་ཨེ་རེད། མ་རེད། ངས་འདི་ལྟར་དྲན་མི་འོས། ཁྱོད་ཀྱིས་ང་ལ་གདོང་བསྟན་མ་ཕོད་པ་ཡིན་ངེས། ཁྱོད་ལ་ཐབས་མེད་སོང་བ་ཡིན་ངེས།  ཁྱོད་འུ་ཐུག་སོང་བ་ཡིན་ངེས།  ངས་འདི་ལྟར་རང་སེམས་གསོ་གླུ་བླངས་ཤིང་བསྡད་པའི་ཉིན་དེར། ཉིན་དེར་ང་ལ་གནས་ཚུལ་ཅི་ཞིག་བྱུང་མིན་ཁྱོད་ཀྱི་གཏན་ནས་མི་ཤེས།ངས་ཁྱོད་ཀྱིས་ཤེས་སུ་བཅུག་ན་མི་འདོད།  འོ་རེད། དེའི་རྗེས་སུ་ངས་ཁྱོད་ཐེངས་གཅིག་ལས་མཐོང་མ་བྱུང་། ཐེངས་གཅིག་པུ་དེ། ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ་རྫོང་ཡོངས་ཀྱི་དབྱར་སྐྱིད་ཀྱི་དུས་ཆེན་སྐབས་སུ། ངས་ཁྱོད་ཐེངས་ཤིག་མཐོང་བྱུང་།  ཁྱོད་མི་ཞིག་འཕྲུལ་རྟའི་འཕང་མགོར་བསྡད་ཅིང་མི་དེའི་སྐད་པ་ནས་དམ་པོར་འཇུས་འདུག།  མགོ་རས་སྔོ་སྨུག་ཅིག་གོན་ཞིང་། ལྭ་བ་དམར་སྨུག་ཅིང་གོན་ཞིང་། སྔོན་ཆད་ང་ལ་འཁྱུད་མྱོང་བའི་ལག་ཟུང་དེས་ད་ལྟ་མི་ཞིག་ལ་དམ་པོར་འཁྱུད་འདུག། སྔོན་ཆད་ང་ལ་གླན་མྱོང་བའི་འགྲམ་པ་དེ་ད་ལྟ་མི་ཞིག་གི་རྒྱབ་ཏུ་གླན་འདུག། སྐབས་དེར། སྒོ་ཆེན་འགྲམ་གྱི་གཡས་ཟུར་དེར་ཁྱོད་ཀྱིས་ང་མཐོང་སོང་། ཡིན་ནའང་། ཁྱོད་འགྱུར་འདུག། ཁྱོད་ཀྱིས་ང་མཐོང་བ་དང་། མགོ་བོ་གཞན་ལ་ཕྱོགས་སོང་།  སྔོན་ཆད་ང་མཐོང་ན་དགའ་འཛུམ་གྱིས་བསུ་མཁན་ཁྱོད། སྔོན་ཆད་ང་མ་མཐོང་ན་སེམས་མི་སྐྱིད་པའི་ཁྱོད། དེ་རིང་ང་མཐོང་ན་ཁ་གཞན་ལ་ཕྱོགས་འགྲོ་དོན་ཅི་ཡིན་ནམ། ཅི་ཡིན་ནམ། འོ་མ་མཚོ།  ཡི་གེ་འདི་ཁྱོད་ཀྱིས་ཁྱོ་ཀས་མི་མཐོང་བར་སྨོན།  ཡི་གེ་འདིས་ཁྱོད་ཀྱི་ཁྱིམ་ཚང་ལ་ཕོག་ཐུག་མི་འགྲོ་བར་སྨོན།

སྤྱི་ལོ་༢༠༡༩/༡༡/༢༦ ལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *