གནས་ལུགས་ཀྱིས་བྱིན་པའི་གཏམ་རྒྱུད་གསོན་པོ།

རྩོམ་ཡིག་འདི་ཐེངས་ 877 བཀླགས་འདུག

ཀརྨ་རབ་རྒྱས། ༡༽    མི་ཚེ་དང་བྱ་བའི་བརྒྱུད་རིམ་རེ་རེ་བཞིན་དུས་ཀྱི་བགྲོད་པས་མྱུར་དུ་བསྡུས་པར་བྱས་ཀྱང་། དེ་དག་གིས་བཞག་པའི་བག་ཆགས་དང་རྗེས་ཤུལ་མང་པོ་ཞིག་སེམས་པའི་ཟབ་ས་དང་ཀླད་པའི་གྲུང་ས་ན་ནམ་ཡང་གསལ་ལེར་ཡོད་པས་ཚེའི་ཕར་མཐར་མ་ཐུག་གི་བར་དུ་ཡལ་བར་དཀའ། ང་རང་ཉིད་ལ་མཚོན་ན་མི་ཚེ་ལ་གཟི་བརྗིད་དང་བྱ་གཞག་ལ་མཛེས་སྡུག་ཅི་ཡང་མེད་ཀྱང་གནས་ལུགས་ལ་བརྟག་ཕོད་པའི་སེམས་ཁམས་འདིར། ཆེས་དགའ་སྐྱོ་གཉིས་ལྡན་གྱི་ཉམས་མྱོང་དང་རྗེས་དྲན་གང་མང་ཞིག་ཡོད། དེས་ན་སྤྱི་ཚོགས་ཀྱི་གནས་བབ། བསམ་བློའི་འཆར་སྒོ། སེམས་ཁམས་ཀྱི་འགྱུར་འགྲོས། ལུས་ངག་གི་འཇུག་སྒོ་བཅས་ཕྱོགས་གང་ཐད་ནས་འགྱུར་ལྡོག་དང་བསྒྱུར་བཅོས་ཚད་མེད་འགྲོ་བཞིན་པའི་མི་ཚེའི་ཁུགས་སོ་འདི་ནས། རིན་ཐང་ཡོད་མེད་ལ་མ་ལྟོས་པར་དུས་འདིར་ལན་གཅིག་ཐོབ་པའི་མི་ཚེ་འདིའི་ཕྱེད་ཀ་ཙམ་ཡོལ་ཟིན་པའི་ཚོར་སྣང་ཤུགས་དྲག་དང་བཅས་འདས་དོན་གྱི་བྱུང་བ་ཁག་ལ་དྲན་གསོ་ཡང་ཡང་བྱེད་དགོས་བྱུང་། ངས་འདས་པའི་མི་ལོ་བཅོ་ལྔ་ཙམ་ངུར་སྨྲིག་འདུས་པའི་ཚོགས་སྡེ་རུ་བསྐྱལ་ཡོད་པས་དེའི་ཕྱོགས་ནས་ཅུང་ཟད་གླེངས་ན། བོད་ཀྱི་གྲྭ་བ་ཕལ་ཆེ་བ་དགོན་པར་འཛུལ་ཞུགས་བྱེད་སྟངས་ནི་ལུགས་སྲོལ་ལྟ་བུ་ཡིན་པས། དགོན་པ་གང་ནས་ཆོས་ཀྱི་སློབ་སྦྱོང་ཚད་ལྡན་སྤྲད་པ་དང་། དགོན་པ་གང་དུ་ཐར་བའི་ལམ་སྟོན་གྱི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་བཞུགས་ཡོད་མེད་ལ་མི་བལྟ་བར། སོ་སོའི་ཕ་མེས་དུས་ནས་གང་ལ་འབྲེལ་བ་ཡོད་པའི་དགོན་པ་དེར་ཕ་དགོན་དཀར་པོ་ཞེས་འབོད་བཞིན་ལྟ་བ་མཁྲེགས་བཟུང་གིས་མི་རབས་རྗེས་མ་ཚོ་ཡང་དགོན་པ་དེ་གའི་གྲྭ་བ་དང་ཡོན་བདག་བྱེད་སྲོལ་ཡོད། གལ་ཏེ་རང་ཐག་རང་གཅོད་ཀྱིས་དགོན་སྡེ་དང་ཆོས་བརྒྱུད་གཞན་པའི་མངའ་འོག་ཏུ་སོང་བ་ཡིན་ན་ཡུལ་དགོན་དེའི་ལྟ་ལོག་དང་དམ་ཉམས་ལ་རྩིས་ནས་དགོན་དཔོན་དང་ལས་སྣེ་ཚོས་ཁྲིམས་རྟ་ལྕག་དང་ཐ་ན་མཐུ་གཏད་ཡས་བོར་སོགས་བྱེད་སྲོལ་ཡོད། ལུགས་སྲོལ་དང་ལྟ་སྤྱོད་དེ་དག་གིས་རྐྱེན་པས་རྒྱ་ཆེ་ས་ནས་བལྟས་ན་རང་མི་རིགས་ཀྱི་རྩ་དོན་དང་འཆམ་མཐུན་རྩ་བརླག་སོང་བ་ཡིན་ལ། ཆུང་ས་ནས་རང་རིགས་གཞོན་སྐྱེས་ཁྲི་ཚོ་མང་པོའི་མི་ཚེ་དང་དུས་ཚོད་འཕྲོ་བརླག་འགྲོ་བཞིན་ཡོད་པས་མི་རབས་གསར་པ་ཚོས་རང་འགན་རང་འཁུར་གྱིས་རྒྱུ་མཚན་ལ་གཞི་བཅོལ་ནས་བསྒྱུར་བཅོས་དང་མདུན་སྐྱོད་ཀྱི་གོམ་སྟབས་མགྱོགས་ནས་མྱུར་དུ་ཡོང་རེ་ཆེ། དེ་བཞིན་དགོན་དཔོན་དང་ལས་སྣེ་ཕལ་མོ་ཆེའི་རྨི་ལམ་ནང་གི་ཡར་རྒྱས་ཡོང་རེའི་དམིགས་ཚད་ནི། དགོན་པའི་འདུ་ཁང་གཙོས་ཕྱིའི་འཛུགས་སྐྲུན་ཁག་ཉེ་འཁོར་གྱི་དགོན་སྡེ་གཞན་ལས་མི་ཞན་པའི་ཁར། འཆམ་གཏོ་རྒྱག་སོགས་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་བདག་སྐྱོང་དང་། མངའ་འོག་གི་འཁོར་སྡེ་ཚོ་ལ་དབང་བསྒྱུར་ནན་མོ་བྱེད་པའི་སྒེར་བཙན་དགོན་པ་ཞིག་ཆགས་རྒྱུ་དེ་རེད། སྤྱིར་སྟོན་པ་ཤཱཀྱ་ཐུབ་པས་བསྟན་པའི་བཀའ་བདེན་བཞིའི་ཆོས་འཁོར་དེ་སྐྱེ་འགྲོའི་ཐར་ལམ་ཞིག་ཡིན་ཡང་། དེ་ཉིད་ཐོག་མར་རྒྱ་གར་གྱི་ཡུལ་སྲོལ་དང་རིག་གཞུང་ཁྲོད་དུ་བསྟན། དེའི་རྗེས་པཎ་གྲུབ་ཚོས་བྲམ་ཟེའི་ཆོས་ལུགས་དང་སྒོ་བསྟུན་ནས་སངས་རྒྱས་ཀྱི་ཆོས་དེ་ཡང་གཞུང་ལུགས་ཀྱི་ངོ་བོར་གཏན་ལ་ཕབ། དེ་ཉིད་ལོ་པཎ་སོ་སོས་ཡུལ་ལུང་གཞན་དང་གཞན་ལ་སྤེལ་དུས་ཡུལ་ལུང་དེ་དག་གི་མི་དམངས་ཚོའི་སེམས་ཁམས་དང་བསྟུན། སྐད་ཡིག་དང་བསྟུན་ནས་ཡུལ་ལུང་དེ་དག་གི་རིག་གཞུང་དང་མཉམ་བསྲེས་བྱས་ནས་ཆོས་དང་ལུགས་སྲོལ་གཉིས་པོ་ངོ་བོ་ཐ་དད་ཀྱང་རྣམ་པ་གཅིག་གི་ཚུལ་དུ་སྤེལ་ཡོད། ད་དུང་སྒེར་གཅོད་པ་ཚོས་སོ་སོའི་དམིགས་ཡུལ་དང་སྒེར་ཕན་གྱི་ཆེད་དུ་སངས་རྒྱས་བསྟན་པའི་མིང་བཙོངས་ནས་ལམ་ལུགས་མང་པོ་གསར་གཏོད་བྱས་དང་བྱེད་བཞིན་པའི་རྗེས་སུ་བླུན་རྨོངས་སྐྱེ་བོ་གྲངས་མེད་པ་འཇུག ལོག་སྤྱོད་པ་ཚོས་བསྟན་པའི་ལམ་ལུགས་དེ་དག་རིམ་བཞིན་བླུན་རྨོངས་སྐྱེ་བོ་ཚོའི་ཆགས་སྡང་གི་ས་བོན་དུ་གྱུར་ནས་ལམ་ལུགས་དེ་དག་སྲུང་སྐྱོང་ཆེད་ཚེ་སྲོག་ཀྱང་གཏོང་ཕོད་པའི་ཚད་དུ་སླེབས། གོ་སྐབས་དེ་དང་བསྟུན་ནས་སྒེར་གཅོད་པ་ཚོས་གཞི་རིམ་མང་ཚོགས་ལ་ཡོད་པའི་རྨོངས་དད་ཀྱི་སེམས་ཁམས་དེ། འགའ་རེས་ཆབ་སྲིད་ཀྱི་ལག་ཆ་རུ་བེད་སྤྱད་པ་དང་འགའ་རེས་དཔལ་འབྱོར་གྱི་ཡོང་སྒོ་རུ་བེད་སྤྱད་ནས། བླུན་དད་ཆེ་བའི་ལས་ངན་ཚོ་ནམ་ཡང་ཡ་ང་བའི་གནས་སྟངས་འོག་སྐྱེལ་བཞིན་པ་ནི་འུ་ཚོའི་མི་རིགས་འདིའི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། དེ་བས་ན་ངང་པས་ཆུ་ལས་འོ་མ་འབྱེད་པ་བཞིན་དྭངས་གཙང་ལྷད་མེད་ཀྱི་དད་འདུན་ཐུགས་ལ་འཁྲུངས། རྨོངས་པས་མ་གོས་པའི་གདམས་ངག་རྣ་བར་ལྷུང་། སྒྲིབ་གཡོག་དང་བྲལ་བའི་གནས་ལུགས་སེམས་ནས་འཆར་བའི་སྐྱེས་ཆེན་ཚོས་རིང་མོའི་དུས་ནས་རུལ་སུངས་དང་ལོག་སྤྱོད་ཀྱི་ལམ་ལུགས་ལ་ཐུགས་གཏིང་ནས་སུན་པའི་གསུང་བྱོན་མྱོང་སྟེ། མི་ལ་རས་པས། སྔོན་རྒྱལ་བ་མི་ཡི་དབང་པོ་དེས། །ཆོས་རྣམས་ཆོས་བརྒྱད་འདུལ་ཕྱིར་བསྟན། །དེང་སང་ཆོས་པར་རློམ་པ་རྣམས། །ཆོས་བརྒྱད་ཆེ་རུ་མ་སོང་ངམ། །ཞེས་དང་། གདུགས་ཡ་ཐོག་གསེར་གྱི་གནཛྙི་བརྗིད་དང་གཅིག །མར་ཐོག་རྒྱལ་མོའི་དར་ལུང་མཛེས་དང་གཉིས། །པད་བད་རྭ་བའི་ས་མཁར་མཐོ་དང་གསུམ། །བཙུན་ཆུང་མཁས་པའི་རྐན་དབུགས་བཟང་དང་བཞི། །འདི་བཞི་བཤམས་ན་ཨ་ཇོས་ཤམས་ཙམ་གདའ་ལགས་ཏེ། །ཆོས་བརྒྱད་དུ་འདུག་པས་ཨ་ཇོས་སྤོང་བ་ལགས། །ཞེས་པ་ལྟ་བུ་དང་། ཉེ་བའི་དུས་རབས་སུ་ཁམས་ཁུལ་དུ་བྱོན་པའི་མཁས་གྲུབ་སྐྱེས་ཆེན་ཞིག་གིས་ཁོང་དགོན་པར་གྲྭ་བ་བྱས་ཚུལ་གསུང་སྐབས། ང་འཁོར་བ་ཆུང་ཆུང་ཞིག་ལས་བྲོས་ནས་འཁོར་བ་ཆེན་པོ་ཞིག་ནང་འཛུལ་བ་ཡིན་ཞེས་གསུངས། འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་དགོས་པ་དང་དགོངས་དོན་ཐུགས་ལ་འཁྲུངས་པའི་སྐྱེས་ཆེན་ཞིག་གི་སྡོམ་ཚིག་མ་ཡིན་ནམ།མདོར་ན་མི་ལོ་སྟོང་ཕྲག་གི་ཡུན་ལ་འུ་ཚོའི་མི་རིགས་འདིས་ཆོས་དང་ཆབ་སྲིད། ལམ་དང་ལུགས་སྲོལ་ཡོད་ཚད་ཀྱི་ངོ་བོ་ལ་གཏན་འབེབས་དང་། རྣམ་པ་ལ་དབྱེ་འབྱེད། བྱེད་ཐབས་ལ་གདམ་གསེས་ཅི་ཡང་མེད་པའི་ལུགས་སྲོལ་ཁྲ་ཤིག་གེ་བ་ཞིག་རྒྱུན་འཁྱོང་བྱེད་བཞིན་ཡོད་པ་འདི་ཤེས་མཁན་ཡོད་ཀྱང་ཤོད་ས་མེད། ཤོད་མཁན་ཡོད་ཀྱང་ཉན་མཁན་མེད་པའི་གནས་སྟངས་ཤིག་ཡིན།

 

༢༽

དོན་དངོས་ཐོག་ཆོས་སྒྲུབ་པའམ་ཐར་བའི་ལམ་འཚོལ་བ་ནི། ངེས་འབྱུང་དྲག་པོས་ཚེ་འདིའི་འདོད་ཡོན་བློས་བཏང་ནས། རྣམ་དཔྱོད་ཟབ་མོས་མཐོང་བའི་བདེན་པའི་ལམ་ངོགས་དེར་ཁ་ཞེ་ཡིད་གཉིས་དང་ཕྱི་ནང་གསང་གསུམ་མེད་པར་དུས་གཏན་དུ་འཇུག་དགོས་པ་ཞིག་ཡིན་པ་ལས། ཚེ་འདིའི་ལྟོ་གོས་ཀྱི་ཆེད་དུ་མ་ཡིན་ལ། ལམ་དང་ལུགས་སྲོལ་སྐྱོང་བའི་ཆེད་དུའང་མ་ཡིན། མི་ཁ་ཆོད་ཐབས་དང་གཞན་ངོ་སྲུང་ཆེད་ཅིག་དེ་བས་ཀྱང་ག་ལ་ཡིན། མདོ་ལས། འཚོ་བའི་ཆེད་དུ་རབ་ཏུ་བྱུང་བ་ནི་དོན་དམ་པའི་བསྟན་པ་ལ་ཞུགས་པ་མ་ཡིན་པར་བསྟན་པ་ལ་རྨ་འབྱིན་པ་ཡིན་ཞེས་མ་གསུངས་སམ། མཁས་དབང་དགེ་ཆོས་ནས། ཅ་ཅོའི་འུར་ཟིང་ཕྱོགས་ལ་མི་དགའ་ཞིང་། ཆ་ལུགས་ཞི་དུལ་གནང་བ་ཁོང་ཚོ་ཡང་། ཇ་ཆང་ཤ་དང་དཔེ་ཤག་མཐོང་བའི་ཚེ། ཉ་པ་རྒན་པོའི་སེམས་དང་ཁྱད་མི་འདུག གསུངས་པ་ནང་བཞིན་བྱུང་ན་དོན་སྙིང་ཅི་ཞིག་ཡོད། ཡང་གཅིག་བཤད་ན། སྟོན་པ་འཇིག་རྟེན་མིག་གཅིག་དེས་བསྟན་པའི་བདེན་བཞི་ཆོས་ཀྱི་ལམ་མཆོག་ནི། རང་ཉིད་གང་ལས་ཕེབས་པའི་ལམ་དེ་ཐར་བ་དོན་གཉེར་གྱི་གང་ཟག་ཀུན་ལ། ཕྱོགས་རིས་དང་ཆགས་སྡང་བྲལ་བར་བསྟན་པ་ཞིག་ཡིན་པ་ལས། དེང་དུས་ཀྱི་བླ་སྤྲུལ་ཕལ་མོ་ཆེ་ནང་བཞིན་ཞལ་ནས་གཞན་ཕན་དང་བསྟན་དོན་འཆད། དབང་སྐུར་ཆོས་བཤད་དང་སྐུ་བཞེངས་མཁར་ལས་སོགས་མང་དུ་སྤྲོས་ཀྱང་། ཐུགས་ལ་སོ་སོའི་མིང་གྲགས་དང་དབང་འབྱོར་ཁོ་ན་ལས་བསྒྲུབ་བྱ་ཅི་ཡང་མེད་པ། དཔལ་དང་འབྱོར་བ་མཐོང་ན་ཤཱཀྱའི་དགེ་སློང་གི་རྟགས་འཆང་བཞིན་རྒྱ་མོ་ཡུགས་ས་དང་དབྱིན་མོ་རྐུབ་འཚོང་ཚོ་དང་ཁ་ཕོར་བ་གཅིག  གདན་རྐུབ་སྟེགས་གཅིག་ལ་འདོད་ཡོན་ལ་ཅི་བདེར་རོལ་བཞིན་པ་དང་། དབང་འབྱོར་མེད་པའི་མི་ཞིག་མཐོང་ན་འཇིག་རྟེན་ཕྱོགས་ནས་ཡ་རབས་དྲང་བདེན། ཆོས་ཕྱོགས་ནས་མཁས་བཙུན་བཟང་པོའི་ཁྱད་ཡོན་དག་ལ་བརྩི་འཇོག་ཕར་ཞོག མཐོང་མ་ཐག་ནས་མི་འདོད་པའི་རྣམ་འགྱུར་དང་བཅས་བཀའ་བཀྱོན་ཐོག་ལྟར་འབེབས་བཞིན་འདུག་པ་འདི་དག་འགྲོ་བ་ཀུན་ལ་བུ་ལྟར་བརྩེ་བར་གྲགས་པའི་རྒྱལ་བ་སྲས་དང་བཅས་པའི་མཛད་སྤྱོད་ལྟ་ཅི། འཇིག་རྟེན་ཡ་རབས་ཀྱི་ཀུན་སྤྱོད་ཙམ་ཡང་འཁྱོང་བཞིན་མེད་པ་གསལ་གསལ་ཐིང་ཐིང་ཡིན་པས། ད་དུང་སངས་རྒྱས་བྱང་སེམས་ཀྱི་མཚན་བྱང་རེ་བེད་སྤྱོད་བཞིན་བླུན་རྨོངས་སྐྱེ་བོ་ཁྲི་ཁྲག་ལ་དབང་སྒྱུར་དང་བསླུ་བྲིད་བྱེད་ཚུལ་ལ་ལྟོས་དང་། འཇིག་རྟེན་ཐོག་འདི་ལས་ཐབས་རྡུགས་པའི་སྡིག་ཉེས་དང་འཆལ་སྤྱོད་ཅི་ཞིག་ཡོད། ལོག་སྤྱོད་ཕལ་ཆེར་ཆོས་ལུགས་ལས་བྱུང་ལ། རུལ་སུངས་ཕལ་ཆེར་ཁྲིམས་ལུགས་ཀྱིས་བཟོས་པའི་ལྟ་ཚུལ་འདི་སྤྱི་ཁྱབ་ཀྱི་སྡོམ་ཚིག་ཏུ་བཀོད་ན་ལོག་ལྟ་དང་སྐུར་འདེབས་ཀྱི་ཕྱོགས་སུ་ལྷུང་བར་འགྱུར་ངེས་ཀྱང་།དབང་འབྱོར་ཁོ་ནས་འཇིག་རྟེན་གྱི་བདེན་དོན་ཡོངས་རྫོགས་འཕྲོག་པར་འདོད་པའི་སྒེར་གཅོད་དང་། རང་འདོད་རིང་ལུགས་པ་ཚོའི་བསམ་བློ་དང་ཀུན་སྤྱོད་ཀྱི་ཚད་གཞི་ངོས་འཛིན་བྱེད་པའི་འགྱུར་མེད་རྡོ་རྗེའི་བཀའ་ལུང་ཞིག་ཅི་ལ་མིན།ད་དེ་ཚོ་ཚང་མ་མི་ལ་བལྟས་པའི་མིག་ཡིན་པ་ལས་རང་ཉིད་མཐོང་བའི་མེ་ལོང་དེ་མ་རེད། གང་ལྟར་ངས་འདས་པའི་མི་ཚེ་དེ་ཕྱིར་དྲན་བྱེད་དུས། མཚམས་རེར་རྫ་ལུང་རི་ལུང་འགྲིམས་པའི་རྫི་བོ་བྱེད་མྱོང་ལ། ཁྱི་ཁྲིད་རྟ་ཁྲིད་བྱེད་པའི་འགྲོན་པོ་བྱེད་མྱོང་།མ་ཟད་དགོན་པ་རྭ་སྦུག་འདྲ་བ་ནས་རྔ་གོག་ཟོ་རྐུབ་འདྲ་བ་བརྡུངས་མྱོང་ལ། སྐྱེས་ཆེན་ཉི་ཟླ་འདྲ་བའི་མདུན་ནས་གདམས་ངག་བདུད་རྩི་འདྲ་བ་ཞུ་མྱོང་། གདན་ས་སྐར་ཚོགས་འདྲ་བ་ནས་གཞུང་ལུགས་ནམ་མཁའ་འདྲ་བ་སྦྱངས་མྱོང་། ད་དུང་གྲུ་བཞི་ཁྲི་ལ་བསྡད་ནས་བདེན་བཞིའི་ཆོས་གཏམ་བཤད་མྱོང། བླ་ཆེན་རི་འདྲ་བའི་མདུན་དུ་དོན་ཆེན་གསེར་འདྲ་བ་ཞུ་མྱོང་། མ་ཟད་ཆགས་སྡང་རྒྱ་མཚོ་འཁྱིལ་འདྲ་ནས་ཕྲག་དོག་ལྕེ་འབར་འབར་དང་ཕྱོགས་འཛིན་དུ་བ་འཕྱུར་འཕྱུར་བྱེད་མྱོང་། ད་དེ་ཚོ་ཚང་མ་འདས་དོན་ཡིན་ལ་འདས་དོན་ཚང་མ་རྨི་ལམ་ཡིན། རྨི་ལམ་ཚང་མ་འཁྲུལ་སྣང་ཡིན་ལ་འཁྲུལ་སྣང་ཚང་མ་ཉམས་མྱོང་ཡིན། མདོར་ན་ངའི་འདས་དོན་གྱི་མི་ཚེའི་གནས་བབ་དེ་ཚིག་གཅིག་གི་ནང་བཤད་པ་ཡིན་ན། ༼ཁྱི་སྡོམ་བཞིན་དུ་གང་སར་འཁྱམས་པ་ཡིན།༽ཞེས་བཤད་ན་མ་འགྲིགས་པ་ཅི་ཡང་མེད།ང་ལ་ཁྱད་མཚར་བའི་ཉམས་མྱོང་ཞིག་བྱུང་བ་ནི་དབེན་པའི་གནས་སུ་ལུས་ངུར་སྨྲིག་དང་། ངག་སྡེ་སྣོད། བྱ་བ་འཆད་རྩོད། སྤྱོད་པ་འདུལ་ཁྲིམས་ཀྱིས་རྒྱན་བཞིན་པའི་མི་ཚེ་དེ་དང་། ཁ་དུད་ཆང་དང་ལག་ཤོ་བག  བསམ་བློ་ལ་བླང་དོར། སྤྱོད་ལམ་ལ་སྒྲིག་གཞི་ཅི་ཡང་མེད་པར་རྒྱ་གྲོང་ཁྲ་མོའི་ལམ་ཟུར་འགྲིམ་བཞིན་པའི་མདོ་ཤོར་གྱི་མི་ཚེ་འདི་གཉིས་མཚུངས་བསྡུར་ཞིག་བྱས་པ་ཡིན་ན། བླུན་དད་དང་རྨོངས་དྲེགས། ཚུལ་འཆོས་དང་རྫུ་བག རེ་དོགས་དང་འཁུ་འཕྲིགས། ཕྲག་དོག་དང་འགྲན་སེམས་གང་ཐད་ནས་བསམས་ནའང་སྡེབ་གསུམ་གྱིས་གནས་བབ་ཕྱི་མ་འདི་ཉུང་བ་འདུག་ཅེས་ཚིག་ཐག་ཆོད་པོས་བཤད་ཐུབ། མཁས་དབང་དགེ་ཆོས་ནས། ཆེ་འདོད་རེ་བའི་འགོང་པོ་མེ་ནང་དུ་བསྲེགས་ནས། མི་འདོད་ཁྲལ་གྱི་བཙུན་གཟུགས་ཐལ་དོང་དུ་བསྐྱུར་ནས། གང་དྲན་སེམས་རྗེས་འབྲང་བའི་སྨྱོན་པ་དེ་སྐྱིད་པ། ཞེས་གསུངས་འདུག་པ་དེ་གནས་བབ་འདི་འདྲ་ཞིག་ལ་དགོངས་སམ་སྙམ་པ་བྱུང་།

 

༣༽ འོན་ཀྱང་མི་ཚེའི་འགྱུར་ལྡོག་གི་ཁུགས་སོ་དང་ཀྱག་ཀྱོག་གི་ལམ་སྣེ་རེ་རེ་ནས་ངས་ཡིད་སྨོན་ཡང་ཡང་ཤོར་མྱོང་བ་ཞིག་ལ།དྲང་ཤར་ཤར་གྱི་ལམ་བུའི་ཐོག་ནས་མི་ཚེའི་གོ་རིམ་ཆ་ཚང་བ་བརྒྱུད་པའི་མི་བུ་ཚོ་ཡིན་ལ།ཁོང་ཚོ་ནི་འཇིག་རྟེན་གྱི་དཔལ་ཡོན་ཆ་ཚང་ཐོབ་པའི་མི་བུ་བསོད་ནམས་ཅན་དག་ལོས་ཡིན་དྲན་མྱོང་ཡོད།འོན་ཀྱང་ཀྱག་ཀྱོག་གི་ལམ་ཟུར་རེ་རེ་འགྲིམ་དུས་རིན་ཐང་བྲལ་བའི་ཉམས་མྱོང་དང་གོ་རྟོགས། དགའ་སྐྱོ་འདྲེས་མའི་ཚོར་སྣང་། དོན་ངོ་མའི་གནས་ལུགས་དང་བདེན་དོན་མཐོང་བ་དང་ཐོབ་པ་ནི་བགྲང་ལས་འདས། མཚམས་འདི་ནས་ངས་བློ་དཀར་གཞུང་བཟང་ཡིན་པའི་བརྩེ་ལྡན་གྱི་གཉེན་གྲོགས་ཚོར་ཆེད་ཞུ་ཞིག་ཡོད་པ་ནི། ངའི་འདས་སོང་གི་མི་ཚེ་ལ་གཟི་འོད་མེད་ཀྱང་འབད་བརྩོན་ཡོད་པ་དང་བྱ་གཞག་མེད་ཀྱང་དཀའ་སྡུག་ཡོད་པ་མ་ཟད། ཁྱི་སྡོམ་བཞིན་དུ་ས་མཐར་འཁྱམས། ཤིང་ལོ་བཞིན་དུ་གང་སར་སྤུར། གོས་ཧྲུལ་བཞིན་དུ་མི་ཡིས་བརྙས། ཕག་ཕྲུག་བཞིན་དུ་གཞན་གྱིས་གསོས། བྱིའུ་ཕྲུག་བཞིན་དུ་རང་ལམ་བཙལ་བསྡད་པའི་མི་ཚེ་ཞིག་ཡིན་པར་བརྟེན། འབྱུང་འགྱུར་གྱི་འཚོ་བ་དེ་ཡང་འཁུ་འཕྲིགས་མེད་པར་། ཅི་ཡང་དང་ལེན་བྱེད་ཕོད་པ་དང་གང་ཡང་བློས་གཏོང་བྱེད་ཐུབ་པའི་རང་སྣང་གང་ཤར་ངང་འཆལ་སྡོམ་གྱི་འཚོ་བ་ཞིག་རོལ་རྒྱུ་མ་གཏོགས། ངོ་སྲུང་དང་རྫུ་བག་གི་གནས་བབ་ཞིག་ནམ་ཡང་ཡོང་རེ་མེད་པས། སྙིང་ཉེ་ཚོས་དགོངས་པ་ཆེ་བཞེས་ཐོག་དོན་ཕན་མེད་པའི་སློབ་གསོ་དང་། མི་འདོད་པའི་སྣ་གཉེར། ཡིད་སྐྱོ་བའི་མིག་ཆུ་སོགས་མ་གནང་རོགས་ཞུ་རྒྱུ་ནི་ངའི་མི་ཚེ་ནང་གི་ཉམ་ཐག་ཤོས་ཀྱི་རེ་བ་དེ་ཡིན། ད་དུང་ཞུ་འདོད་པ་ཞིག་ལ། ངས་འདས་པའི་མི་ལོ་བཅུ་གསུམ་ཙམ་རིང་སྟོན་པ་ཤཱཀྱ་ཐུབ་པའི་ལྟ་གྲུབ་གཙོས་གནའ་དེང་རིག་པའི་གཞུང་ལུགས་ལ་སྦྱངས་པ་མི་དམན་པ་བྱས་ཡོད་པ་འདིས། དཔོག་དཀའ་བའི་ལས་དབང་གི་བརྒྱུད་རིམ་ལས་བྱུང་བའི་འདས་པའི་མི་ཚེ་ལ་གསོན་ཤུགས་བསྐྲུན་མྱོང་ཡོད་ལ། མ་འོངས་པའི་གསོན་ལུས་ལ་འོད་སྣང་སྟེར་ངེས་ཡིན་པས། འདི་ནི་བདག་གི་ཚེ་སྲོག་ཕྲ་མོ་འདི་ལ་དབང་བའི་བླ་སྲོག་དྭངས་མ་དེ་ཡིན་ཞེས་བརྗོད་ཆོག མཁས་དབང་དགེ་ཆོས་ནས། ཡུན་རིང་འགྲོགས་ན་འཁོར་བའི་བྱ་གཞག་ལ། །མི་སྐྱོ་བྱ་བ་གཅིག་ཀྱང་ཡོད་མ་ཡིན། །སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ། །སེམས་ཀྱི་ཁོང་ན་ལན་གཅིག་ཡོང་བར་ངེས། །ཞེས་པའི་ཉམས་གླུ་དེ་བཞིན་མི་ཚེ་དང་བྱ་གཞག་ལ་རེ་བ་ཅི་ཡང་མེད་པར་ཡི་ཐང་ཡོངས་སུ་ཆད་པའི་ཚེ། སྐྱེ་བོ་ཕལ་ཆེ་བས་དམ་པའི་ལྷ་ཆོས་ཞེས་པ་དེ་སྐྱབས་སུ་བསྟེན་ཡོང་གི་ཡོད་པ་བཞིན་སྔ་ཕྱི་མ་གཏོགས་བདག་ལའང་དེ་འདྲའི་དུས་སྐབས་ཤིག་ཡོང་ངེས་རེད་བསམ་པ་བྱུང་།མདོ་ཁམས་འབྲི་ཀླུང་ཕྱུག་མོའི་གཡོན་འགྲམ་ནས་ཚེ་སྲོག་གི་སྨྱུ་གུ་འབུས་པའི་འཁྱམ་པོ་སྐར་མ་རབ་རྒྱས་ནས་སེམས་ཚོར་ཟབ་མོས་སྤེལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *