ང་ཡང་བསྐྱར་ཕ་ཡུལ་དུ་ལོག་མི་འདོད།

རྩོམ་ཡིག་འདི་ཐེངས་ 494 བཀླགས་འདུག

ང་ཡང་བསྐྱར་ཕ་ཡུལ་དུ་ལོག་མི་འདོད།

ནགས་གངས་ཞེན།  བོད།

ཕ་ཡུལ་ཡ། ཕ་ཡུལ།
ངའི་ཡོད་ཚད་ང་དང་ཁ་བྲལ་སའི་ཕ་ཡུལ།
ཁྱོད་ཀྱི་སྣང་བརྙན་ངའི་མིག་ལམ་དུ་མཐོང་མ་ཐག་ཏུ་སྐྱོ་ཡོང་གི
སྡུག་ཡོང་གི
རྒྱུ་མཚན་དེས།
ང་ཡང་བསྐྱར་ཕ་ཡུལ་དུ་ལོག་ན་མི་འདོད།
ཕ་ཡུལ་ནས་ངའི་ཡོད་ཚད་བརླགས་སོང་།
ངའི་བརྩེ་བའི་ཨ་མ།
ངའི་གཅེས་པའི་མིང་སྲིང་།
ཚང་མ་ང་དང་གྱེས་ས་ཕ་ཡུལ་ནས་རེད་ཨང་།
ངོ་མ་ཡིན།
ཕ་ཡུལ་འདི་མཐོང་མ་ཐག་ཏུ་སུན་ཡོང་།
སྡུག་ཡོང་།
ལྷག་ཏུ་ཁོག་གི་སྙིང་དང་འདྲ་བའི་ཨ་ཡེ་རྒན་མོས་ང་རང་བསྐྱུར་ཏེ་ཕྱི་མར་བཞུད་པ་ནས་བཟུང་།
ང་ཕ་ཡུལ་དུ་ལོག་ན་མི་འདོད།
ཕ་ཡུལ་དུ་ཐོན་དུས་ཨ་ཡེའི་འཛུམ་མདངས་དང་། བྱམས་བརྩེ།
ང་ལ་གཅེས་གཅེས་ཀྱི་རྣམ་འགྱུར་དྲན་ཡོང་།
མ་ཟད་ནད་གཞིས་ཡོངས་སུ་བཟུང་བའི་ཉམ་ཐག་གི་རྣམ་པ་དེ་དང་།
ཆེས་མཐའ་འཇུག་གི་མཇལ་འཛོམས།
འབྲལ་ཁའི་སྐྱོ་གདུང་དེ་དག་དྲན་ན་ངས་ངོ་མ་མི་བཟོད་འདུག
ཨ་ཡེ།
ངས་རྟག་པར་ཁྱོད་དྲན་ནས་ངུ་བཞིན་ཡོད།
ངས་ཁྱོད་རང་དྲན་རབས་སུ་ལའང་བཤད་ས་མེད་ཀྱང་ཁེར་རྐྱང་ཡིན་དུས་མིག་ཆུ་གཏོང་གིན་ཡོད།
ཕ་མ་མེད་པའི་ད་ཕྲུག་འདི་དག་ལ་སྙིང་རྗེ་དང་སེམས་གསོ་བྱེད་མཁན་འདུག་ཀྱང་།
ང་ནི་སྤྱིར་བཏང་ཙམ་ལས་སེམས་གསོ་བྱེད་མཁན་ཉུང་།
ངོ་མ།
ངའི་སྡུག་བསྔལ་འདི་གཞན་གྱིས་མི་ཤེས་པའི་སྡུག་བསྔལ་ཞིག་དང་།
ངའི་མིག་ཆུ་འདི་སུས་ཀྱང་མི་ཁོགས་པའི་མིག་ཆུ་ཞིག་རེད་འདུག
ཨ་ཡེ།
ཁྱོད་ཕེབས་རྗེས་ལོ་གཅིག་གི་རྗེས་སུ་ང་ཡང་བསྐྱར་ཕ་ཡུལ་དུ་འབྱོར་སོང་།
ང་ཡང་བསྐྱར་ཁྱིམ་ཚང་དེར་འབྱོར་སོང་།
འོན་ཀྱང་ཨ་ཡེ་གཤིན་ཡུལ་དུ་བཞུད་པའི་ཕ་ཡུལ།
བརྩེ་བའི་དྲོད་ཁོལ་ཡལ་བའི་ཁྱིམ་ཚང་།
དེ་དག་ངའི་མིག་ལམ་དུ་མཐོང་མ་ཐག་ཏུ།
སེམས་སྡུག་དང་སྐྱོ་གདུང་གི་བསུ་མ་ཐོན་ཡོང་།
དྲན་གདུང་དང་ན་ཟུག་གི་མིག་ཆུ་འཐོར་ཡོང་།
སེམས་འཚེར་དང་རྨ་ཁས་བརྣང་ཡོང་།
མདོར་ན།
གང་དུ་བལྟས་ཀྱང་སྟོང་སང་སང་དང་ཅི་ལ་བསམས་ཀྱང་སྐྱོ་ལྷང་ལྷང་ལས་མི་འདུག
ཨ་ཡེ།
ཁྱེད་མི་ཡུལ་ནས་གཤིན་ཡུལ་དུ་བཞུད་ནས་བཟུང་།
ང་ལ་ཅི་ཡང་མེད།
ཁྱོད་ཀྱི་འཛུམ་མདངས་ནུབ་པའི་ཕ་ཡུལ་དེར་ང་ལ་སེམས་པའི་བདེ་སྐྱིད་མེད་ལ།
ཁྱེད་ཀྱི་བྱམས་བརྩེ་ཡལ་བའི་ཁྱིམ་ཚང་དེར་ང་ལ་སུན་སྣང་དང་འཚེར་སྣང་ལས་མེད།
དེ་ལས་ཀྱང་སྐྱོ་བ་ཞིག་ནི།
ཨ་ཡེ་བཞུད་རྗེས།
ཤུལ་ལུས་ཀྱི་ཚ་མོ་ངས།
ཁྱོད་ལ་སེམས་སྡུག་དང་མིག་ཆུའི་སྐྱེལ་མ་ལས་རྣམ་དཀར་གྱི་དགེ་བ་ཞིག་བསྒྲུབས་ཐུབ་མེད་པ་དེ་ཡིན།

༢༠༡༥-༡༢-༢༩ ཉིན་ཕ་ཡུལ་ནས་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *