རང་སྲེག་གནང་མཁན་བོད་ཀྱི་སྤུན་ཟླར་སྤྲིངས་པ།
རྩོམ་ཡིག་འདི་ཐེངས་ 3 བཀླགས་འདུག
ང་ཚོ་ཅིའི་ཕྱིར་མིག་ཆུ་བཞུར་ཡོད།
—— རང་སྲེག་གནང་མཁན་བོད་ཀྱི་སྤུན་ཟླར་སྤྲིངས་པ།
རྩོམ་པ་པོ། ཡུ་གུར་བ། Ilshat H. Kokbore
འགྱུར་བ་པོ། སད་མིས་དྲ་ངོས་ནས་བསྒྱུར་ཅིང་ཞུ་དག་ཞིབ་ཚགས་བགྱིས་པའོ།
མཚན་མོ་འདིར། ང་རང་ཡུན་རིང་བར་གཉིད་ཁུག་མ་ཐུབ། བརྙན་ཐུང་དེ། ཡང་ཡང་ངའི་མིག་ལམ་དུ་འཆར་ཡོང་། རྒྱལ་ཚོགས་ཀྱི་ཚོགས་ཁང་མདུན་ཐད་དུ། རླུང་བུ་བསིལ་པོ་ཞིག་གིས་བླ་ན་འཕགས་པའི་གངས་སེང་རྒྱལ་དར་དེ་ག་ལེར་གཡོ་བཞིན་འདུག རྒྱལ་དར་ལྷབ་ལྷུབ་ཀྱི་སྒྲ་དབྱངས་དེ་ནི། རྒྱང་རིང་གི་གངས་ལྗོངས་མཐོ་སྒང་ནས་ཡོང་བའི་རླུང་བུ་ཞིག་དང་འདྲ་བར། རི་ཚོགས་དང་གཡང་རོང་། དེ་བཞིན་ལོ་ཟླའི་བགྲོད་པ་རིང་མོ་བརྒལ་ཏེ། ཉིའུ་ཡོག་ཏུ་བསླེབས་ཤིང་། རང་དབང་ལ་དད་འདུན་ཡོད་མཁན་སྐྱེ་བོ་ཀུན་གྱི་སེམས་ཁོང་དུ་ལྡིང་ཡོང་།
དེ་མཚམས་ནས་ངས་ཁྱེད་རང་མཇལ་བྱུང་། བོད་ཀྱི་སྤུན་ཟླ —— བློ་དགའ་རང་བཙན། (Lobga Rangzen)ཁྱེད་ཀྱི་ཞལ་རས་རྣམ་འགྱུར་ནི་ཅི་འདྲའི་ཞི་ཞིང་དུལ་བ་ཞིག་རེད། ཁོང་ཁྲོའི་འབོད་སྒྲ་མེད་ལ། སྤྲོ་ལངས་པའི་ཉམས་ཀྱང་མེད། ཐེ་ཚོམ་དང་ནེམ་ནུར་གྱི་ཆ་ཕྲ་མོ་ཙམ་ཡང་མེད།
སྐད་ཅིག་མ་དེར། ཁྱེད་རང་འཆི་ལམ་དུ་བསྐྱོད་པ་མ་ཡིན་པར། ཡུན་རིང་བྲལ་བའི་ཕ་ཡུལ་དུ་ལོག་བཞིན་པ་དང་འདྲ་ལ། མེ་ལྕེའི་ཁྲོད་དུ་གཤེགས་པ་མ་ཡིན་པར། དཀར་གསལ་གྱི་གངས་རིའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་དང་མཚུངས། འཇིག་རྟེན་འདི་དང་གཏན་དུ་བྲལ་བ་མ་ཡིན་པར། སྔ་མོ་ནས་ཁ་འཐོར་དུ་སོང་བའི་གཉེན་ཉེ་རྣམས་ལ་འཁྱུད་པ་དང་། རྨི་ལམ་དུ་བཅགས་པའི་ཕ་ས་དེར་འོ་བྱེད་དུ་ཕེབས་པ་དང་ཀུན་ནས་མཚུངས་སོ།
མེ་ལྕེ་དགུང་དུ་མཆེད་དུས། ངའི་མིག་ཆུ་ཡང་དབང་མེད་དུ་བཞུར་བྱུང་།
ངས་ཤེས་ཀྱི་ཡོད། སུ་ཞིག་གིས་ཀྱང་རང་ཉིད་མེ་ལྕེ་ཞིག་ཏུ་འགྱུར་འདོད་མེད།་མི་སུ་ཞིག་གིས་ཀྱང་རང་གི་ཤ་ཁྲག་གི་ཕུང་པོ་འདི། མི་རིགས་ཤིག་གི་མཐའ་མའི་སྐད་ཆར་བསྒྱུར་འདོད་དེ་བས་ཀྱང་མེད།
ཡུ་གུར་བ་ཞིག་གི་ཆ་ནས། ངས་ཁྱེད་ལ་ལམ་ཁ་གཞན་ཞིག་འདེམས་དགོས་པའི་རེ་བ་འདོན་པའི་ཐོབ་ཐང་མེད། དེ་ནི་ཁྱེད་ཀྱི་དད་མོས་དང་ཕུགས་བསམ་གྱི་སྙིང་སྟོབས་ཤིག་ཡིན་པ་ངས་རྟོགས་ཡོད། དེ་ནི་ཡི་ཆད་པ་ཞིག་གཏན་ནས་མ་རེད། ཟུར་ནས་ལྟ་མཁན་ཚོས་དེའི་ཟབ་ཚད་རྟོགས་མི་ཐུབ། སྒམ་བརླིང་ལྡན་པའི་ཐག་གཅོད་དང་། བློས་གཏོང་གི་སྙིང་སྟོབས་འགའ་རེ་ལ། མིང་ཚིག་དང་སྐད་ཆས་མཚོན་ཐུབ་པ་ཞིག་མ་རེད།
ཁོ་པ་དག་གིས། རང་ཉིད་ཀྱི་རྒྱུན་ལྡན་བསམ་ཚུལ་དང་སྐད་ཆ་མཐའ་དག་དགྲ་རུ་བརྩིས་ནས་སྣང་མེད་དུ་བཏང་བ་དང་། ཞི་བདེའི་འབོད་སྐུལ་ཐམས་ཅད་རྣ་རྒྱབ་ཀྱི་ལྷག་པར་བཏང་བ། རེ་བའི་སྒོ་མོ་མཐའ་དག་དམ་དུ་བརྒྱབ་པའི་སྐབས་སུ། ད་གཟོད་གཞི་ནས་རང་གི་ཚེ་སྲོག་འདི་ཉིད་འབར་བཞིན་པའི་འོད་སྣང་ཞིག་ཏུ་བསྒྱུར་ཏེ། ད་དུང་ཡང་གཉིད་ལས་མ་སད་པའི་འཇིག་རྟེན་འདིར་འོད་སྣང་སྦྱིན་པ་རེད།
མེ་ལྕེས་བསྲེགས་པ་ནི་ཤ་ཁྲག་གི་ཕུང་པོ་ཁོ་ན་མ་རེད། དེ་ལས་ཀྱང་ནི་མི་རིགས་ཤིག་གི་ཆེ་མཐོང་དང་། དད་པ། མགོ་བོ་མི་སྒུར་བའི་དཔའ་སྤོབས་བཅས་འབུར་དུ་དོད་པ་བྱས། དེས་གསལ་བར་བྱས་པ་ནི་བར་སྣང་ཁོ་ན་མ་རེད། འཇིག་རྟེན་གྱིས་མཐོང་འོས་ཀྱང་། ནམ་ཡང་ཐད་ཀར་བལྟ་མ་ཕོད་པའི་སྡུག་བསྔལ་དེ་དག་གསལ་བར་བྱས་པ་རེད།
ཡུ་གུར་བ་ཚོར་མཚོན་ན། འདི་འདྲའི་ན་ཟུག་ནི་རྒྱུས་མངའ་མེད་པ་ཞིག་གཏན་ནས་མིན།
ང་ཚོའི་དད་པའི་རྟེན་གཞི་རྒྱ་ཆེ་བའི་ཁ་ཆེ་ལྷ་ཁང(清真寺)རྣམས་བཙོག་པ་བཟོས་ཤིང་གཏོར་བཤིག་བཏང་། ང་ཚོའི་སྐད་དང་ཡི་གེ་བཀག་སྡོམ་བྱས། ང་ཚོའི་རིག་གཞུང་ལ་རྩ་མེད་ཀྱི་དྲག་ཆར་ཕབ། ང་ཚོའི་ཁྱིམ་ཚང་རྣམས་ཁ་འཐོར་དུ་བཏང་སྟེ་གཉེན་ཉེ་དུ་ཁ་ཕྲལ། ང་ཚོའི་ཡོན་ཏན་པ་སྟོང་ཕྲག་མང་པོ་མུན་བཙོན་དུ་བཅུག སྨྱུག་མར་གནས་པའི་ཉེས་མེད་འབངས་མི་ཁྲི་འབུམ་དག་གི་མི་ཚེའི་བདེ་སྐྱིད་འཕྲོགས། ཡུ་གུར་མི་རིགས་རྩ་མེད་དུ་གཏོང་བའི་ཁྲག་གི་ཆར་སྤྲིན་ཁྲོད་དུ་ཁྱིམ་ཚང་ཁྲི་སྟོང་ཡན་པར་བཏང་།
དེས་ན། བོད་ཀྱི་སྤུན་ཟླ་ཚོས་མིག་ཆུ་གཏོང་དུས། ང་ཚོ་སྣང་མེད་དུ་སྡོད་ཐབས་ག་ལ་ཡོད།
དེ་ནི་མི་རིགས་གཅིག་ཁོ་ནའི་མིག་ཆུ་མ་ཡིན་པ་ངས་ཤེས་ཀྱི་ཡོད། དེ་ནི་རང་དབང་ཤོར་བའི་མི་རིགས་ཐམས་ཅད་ཀྱི་ཐུན་མོང་གི་མིག་ཆུ་རེད།
ཁ་བའི་ལྗོངས་དང་གནམ་རིའི་དབར་དུ་ལེ་དབར་ཁྲི་ཕྲག་གིས་ཆོད་ཡོད་ནའང་། ནང་པ་སངས་རྒྱས་པའི་ཆོས་གཞུང་དང《ཀོ་རན་གསུང་རབ 》ཀྱི་དད་མོས་མི་འདྲ་བ་གླེང་གི་ཡོད་མཆི་ནའང་། བོད་པ་དང་ཡུ་གུར་བས་སྐད་རིགས་མི་འདྲ་བ་བཤད་ཅིང་། ལམ་སྲོལ་མི་འདྲ་བ་ཡོད་མོད། ང་ཚོ་ཚང་མ་རང་རང་གི་ཕ་སྐད་མ་ཡིག་ལ་དུང་བ་ཟབ་ཅིང་། མེས་པོ་ཚོས་བཞག་པའི་རིག་གཞུང་ལ་གཅེས་སྤྲས་བྱེད་མཁན་ཤ་སྟག་རེད།
ང་ཚོ་ཚང་མས། རང་གི་དད་མོས་ལ་གུས་བཀུར་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་ལ། རང་གི་བུ་ཕྲུག་རྣམས་རང་དབང་གི་ངང་ནས་འཚར་ལོངས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། མི་རིགས་ཀྱི་ཐོབ་ཐང་ལ་བརྟེན་ནས་འཇིགས་སྐྲག་སྐྱེ་མི་དགོས་པ་དང་། རང་གི་རིག་གཞུང་ལ་བརྟེན་ནས་ཁ་ཁུ་སིམ་པོར་སྡོད་མི་དགོས་པ་བྱེད་འདོད་ཡོད།
འདི་དག་ནི་རྨི་ལམ་ཙམ་དུ་འགྱུར་མི་འོས་པ་ཞིག་རེད། འདི་དག་ནི་འགྲོ་བ་མིར་མངའ་བའི་གཞི་རྩའི་ཐོབ་ཐང་རེད།
དེ་རིང་། ངས་ཡི་གེ་འདི་དག་སྤེལ་བའི་སྐབས་སུ། འཛམ་བུ་གླིང་པ་ཚོས་མེ་ལྕེ་རང་ཉིད་ཁོ་ན་ཙམ་དྲན་གསོ་བྱེད་པའི་རེ་བ་བྱེད་ཀྱི་མེད། ངས་ནི་འཛམ་བུ་གླིང་པ་ཚོས་ཅིའི་ཕྱིར་མེ་ལྕེའི་ཁྲོད་དུ་མི་བསྐྱོད་ཀ་མེད་བྱུང་བའི་རྒྱུ་མཚན་དེ་དྲན་གསོ་བྱ་འདོད་པ་ཡིན།
ངས་ནི་དེ་བས་ཀྱང་མེ་ལྕེ་འདི་མཐའ་མའི་མེ་ལྕེ་ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད། སྐུ་ཉིད་ནི་ཚེ་སྲོག་གིས་འཇིག་རྟེན་ལ་འབོད་སྐུལ་བྱེད་མཁན་གྱི་མཐའ་མའི་སྐྱེས་བུ་ཉིད་དུ་གྱུར་ཅིག
མ་འོངས་པར། གཞོན་ནུ་ཚོས་རང་གི་ལུས་པོ་བསྲེགས་ནས་རེ་བ་སྦར་མི་དགོས་པ་དང་། ཨ་མ་ཚོས་མེ་འོད་ཁྲོད་དུ་རང་གི་བུ་ཕྲུག་མི་འཆོར་བ། མི་རིགས་ཤིག་གིས་རང་ཉིད་ད་དུང་གསོན་པོར་ཡོད་པ་མཚོན་ཆེད་འཆི་ལམ་བསྟེན་མི་དགོས་པ་ཤོག་ཅིག
ཉིན་མོ་ཞིག་ལ། བོད་མཐོ་སྒང་གི་རླུང་བུ་ལ་སྐྱོ་གདུང་གི་ཉམས་སྣང་མེད་པར་གྱུར་ཅིག
ཉིན་མོ་ཞིག་ལ། གནམ་རིའི་འདབས་ཀྱི་རླུང་བུ་ལའང་མིག་ཆུ་འདྲེས་མི་དགོས་པ་ཤོག་ཅིག
གངས་རི་ནི་སྔར་བཞིན་དཀར་གསལ་དུ་གནས་ཤིང་། བྱེ་ཐང་གི་སྤང་་ལྗོངས་ཀྱང་སྔར་བཞིན་སྔོ་ཐིང་ཐིང་དུ་གནས་པར་ཤོག་ཅིག
བུ་ཕྲུག་ཚོས་རང་དབང་གི་ངང་ནས་རང་གི་ཕ་སྐད་བཤད་ཐུབ་པ་དང་། རྒན་པོ་ཚོས་ཞི་བདེའི་སྒོ་ནས་རང་གི་གསུང་རབ་ཞལ་འདོན་གནང་ཐུབ་པ། གཞོན་ནུ་ཚོས་འཇིགས་པ་མེད་པར་རང་གི་ལོ་རྒྱུས་གླེང་ཐུབ་པར་ཤོག་ཅིག མི་རིགས་རེ་རེ་བཞིན་རང་གི་ས་ཆའི་སྟེང་དུ་མགོ་བོ་མཐོ་བོར་བཏེགས་ནས་གསོན་ཐུབ་པ་དང་། རང་གི་མིང་དང་། རང་གི་རིག་གཞུང་། རང་གི་ཆེ་མཐོངདང་ལྷན་དུ་འཚོ་བར་ཤོག་ཅིག
དེ་རིང་། ང་རང་ཡུ་གུར་བ་ཞིག་གི་ངོས་ནས། བོད་ཀྱི་སྤུན་ཟླའི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད། ཁྱེད་ཀྱི་བླ་སྲོག་དཀར་གསལ་གྱི་གངས་རིའི་ཕྱོགས་སུ་ལོག་ཕེབས་པར་ཤོག་ཅིག
ཁྱེད་ཀྱི་སྙིང་སྟོབས་མི་ཡུལ་འདི་རུ་གནས་པར་ཤོག་ཅིག ཁྱེད་ཀྱི་མེ་ལྕེ་དེ་བློས་བཏང་ཁོ་ན་མ་ཡིན་པར། མཐར་རང་དབང་དང་། ཆེ་མཐོང་། ཞི་བདེ་བཅས་ཀྱི་སྐྱ་རེངས་སུ་འགྱུར་བར་ཤོག་ཅིག
གལ་ཏེ་མིག་ཆུ་ལ་མི་རིགས་ཀྱི་ས་མཚམས་མེད་ན། དེ་རིང་བོད་མིའི་མིག་ཆུ་ནི་ཡུ་གུར་བའི་མིག་ཆུ་ཡང་རེད། གལ་ཏེ་སྨོན་ལམ་ལ་དད་མོས་ཀྱི་བཀག་རྒྱ་མེད་ན། དེ་རིང་ང་རང་ཡུ་གུར་བའི་དད་སེམས་གཙང་མའི་སྒོ་ནས། ཁྱེད་ཀྱི་ཆེད་དུ་སྨོན་ལམ་འདེབས་པར་འདོད།
འདས་པོ་རྣམས་དག་ཞིང་དུ་བདེ་བར་གཟིམ་པར་ཤོག་ཅིག
འཚོ་ཞིང་བཞུགས་པ་རྣམས་སྙིང་སྟོབས་དང་ལྡན་པར་གྱུར་ཅིག
རང་དབང་གི་དུས་བཟང་མྱུར་དུ་འཆར་བར་ཤོག་ཅིག
ཡངས་ཤིང་རྒྱ་ཆེ་བའི་ཕ་ས་སྨུག་པོ་འདིའི་སྟེང་་ན། རང་དབང་གི་ཆེད་དུ་རང་གི་ལུས་པོ་མེ་རུ་སྦར་མཁན་གྱི་སྐྱེ་བོ་གཅིག་ཀྱང་མི་དགོས་པར་གྱུར་ཅིག
07/02/2026
བསམ་ཚུལ་ཕྲིས།