སྒྲུང་རྩོམ། ཁ་སང་མཚན་མོ།

རྩོམ་ཡིག་འདི་ཐེངས་ 6 བཀླགས་འདུག


ཁ་སང་གི་མཚན་མོ།
རྩོམ་པ་པོ། བཀྲ་ཤིས་དོན་གྲུབ།

ཁ་སང་མཚན་གང་ལ། ཁྱིམ་མཚེས་ཨ་ཅག་ལགས་དེས་ཁ་པར་ནང་ནས་ཁ་རྩོད་དྲག་པོ་བརྒྱབ་སྟེ་ང་རང་གཏན་ནས་གཉིད་འཁུག་ཏུ་མ་བཅུག
མོས་སྐད་ཤུགས་ཆེན་པོས། “ཁྱོད་ལ་ངས་རྐུབ་བཙོངས་པའི་དཔང་རྟགས་ག་རེ་ཡོད། ? འོན་ཀྱང་ཁྱོས་ཨ་རི་ནས་མཇེ་བཙོངས་པའི་དཔང་རྟགས་ང་ལ་བསྟན་རྒྱུ་ཡོད།”ཅེས་སྐས་ཤུགས་ཆེ་རུ་བཏང་ནས་བཤད། མོའི་སྐད་ཆ་དེ་ཚོས་ང་ལའང་སེན་འབྲད་བརྒྱབ་པ་ལྟ་བུའི་སྤྲོ་བ་ཞིག་སྐྱེ་རུ་བཅུག བལྟས་ཚོད་ལ། མོས་ཨ་རི་ན་ཡོད་པའི་ཁྱོ་ག་དང་ཁ་རྩོད་རྒྱག་གིན་ཡོད་པ་འདྲ། ཁོང་གཉིས་ཀྱི་ཁ་རྩོད་དྲག་པོས་ང་རང་གཉིད་འཁུག་ཏུ་མ་བཅུག་པའི་ན་ཟུག་ནི་ཆུང་ཆུང་མིན་ཀྱང་། ཁོང་གཉིས་ཀྱི་འཁྲུག་འཛིང་ལ་ལྐོག་ཉན་རྒྱག་རྒྱུའི་བདེ་བ་ནི་དེ་ལས་ཀྱང་ལྡབ་མང་པོས་ཆེ་བ་ཡིན་ས་རེད། མོའི་སྐད་ཤུགས་ཇེ་ཆེར་འགྲོ་བ་ལ་བསྟུན་ཏེ། ངས་བློ་རྩེ་གཅིག་སྒྲིམ་གྱིས་ཨ་མཆོག་གྱང་ལ་འབྱར་ནས་ལྐོག་ཉན་བརྒྱབ། མཚམས་རེར་ཁ་རྩོད་ཆ་ཚང་ཏག་ཏག་ཐོས་མི་ཐུབ་སྐབས། ངས་གྱང་ལ་ཁུ་ཚུར་གཞུས་ཏེ་ཕམ་ཁ་གསབ་ཐབས་བྱས། གང་ལྟར་ངས་ཁོང་གཉིས་ཀྱི་འཁྲུག་རྩོད་ཆ་ཚང་ཉན་མ་ཐུབ་ན་སྡོད་མི་ཚུགས་པར་འདུག་པས། ང་རང་ཉལ་ས་ནས་ཡར་ལངས་ཏེ་གསང་སྤྱོད་ཀྱི་སྒེའུ་ཁུང་ལ་ཨ་མཆོག་གཏད་ནས་ཉན། ངས་ཆུ་ཚོད་མང་པོ་གསང་སྤྱོད་ནས་བསྐྱལ་སྐབས། འཁྱག་སྐོམ་དང་དུག་སྦྲང་གི་ཁྱད་གསོད་ལའང་ཁ་གཏད་བཅག དུས་ཚོད་རིང་པོའི་རྗེས་ངའི་ལུས་ཕུང་གི་མཐུ་སྟོབས་ཉམས་ཞན་དུ་གྱུར་འདུག དེ་བས་ངས་ཆུ་འགྱིག་དམ་གང་དང་ཉལ་གོས་སོགས་གྲ་སྒྲིག་བྱས་ཏེ་གསང་སྤྱོད་ནས་མཚན་ཕུད། ངའི་ཚོར་སྣང་ཞིག་ལ། ངའི་འདབས་སྦྲེལ་གྱི་ཁྱིམ་མཚེས་གཞན་རྣམས་ཀྱིས་ཀྱང་ང་ནང་བཞིན་དཀའ་བ་སྤྱོད་ཀྱིན་ཡོད་སྣང་ཤར། ཁོ་ཚོས་ཀྱང་ང་ནང་བཞིན། “འདྲེ་མོ་འདིས་དེ་རིང་གཉིད་འཁུག་ཏུ་འཇུག་ཡ་རེད་མི་འདུག”ཅེས་དམོད་མོ་བོར་ཞོར། མོའི་ཁ་རྩོད་ཀྱི་བདེ་སྐྱིད་ལ་ལོངས་སྤྱོད་ཀྱིན་ཡོད་པ་འདྲ།
མོས་ཡང་བསྐྱར་སྐད་ཤུགས་ཆེ་རུ་བཏང་སྟེ། “ཁྱོད་ཨ་རི་ནས་རྒྱ་མིའི་ཟ་ཁང་ལ་སྡུག་གཡོག་རྒྱུག་དགོས་པ་ངས་བཟོས་པ་རེད་དམ། ཨ་་་་། དེའི་ཐད་ང་ལ་ལེ་བདའ་བྱེད་རྒྱུའི་ཐོབ་ཐང་ག་རེ་ཡོད།”ཅེས་བཙིར་སྒྲ་བཏོན། དེ་དུས་ངས་གྱང་ལེབ་ཚུ་རོལ་ཀྱི་ནག་ཁུང་ནང་ནས་ཀྱང་མོའི་ཁྲོ་གཉེར་དང་ཁ་ཆུ་ཟགས་ཚུལ་རྣམས་མཐོང་ལ་ཁད་བྱས། སྐད་ཅིག་དེར་ངས་མོ་ལ་གདུང་སེམས་མཉམ་སྐྱེད་ཀྱང་བྱེད་ཤོར། ཁོ་ཨ་རི་ནས་རྒྱ་མིའི་ཟ་ཁང་ལ་སྡུག་གཡོག་རྒྱུག་དགོས་པ་དེ་མོས་བཟོས་མིན་པ་ལོས་བདེན། ཁོ་ཨ་རི་ནས་རྒྱ་མིའི་ཟ་ཁང་ལ་སྡུག་གཡོག་རྒྱུག་དགོས་པ་ནི་རྒྱ་མིས་བཟོས་པ་རེད། རྒྱ་མིས་བོད་ཀྱི་ས་ཕྲོགས། དེ་ནས་བོད་པ་རྣམས་ཨ་རི་སོགས་སུ་ཕྱིར་འབུད་བཏང་རྗེས། སླར་ཡང་རྒྱ་མི་ཁོ་རང་ཚོའི་སྡུག་གཡོག་རྒྱུག་ཏུ་བཅུག་འདུག་པས། བོད་རྣམས་ནི། ཡུན་རིང་པོ་ཞིག་ནས་འབད་པས་སྤོང་ཐབས་བྱེད་པའི་འཁོར་བ་ལས་ཀྱང་ཛ་དྲག་ཆེ་བའི་རྒྱ་མིས་བཟོས་པའི་འཁོར་བ་གཞན་ཞིག་གི་ནང་དུ་འཁྱམས་འདུག འདི་ལྟར་བསམས་ན། དོ་དགོང་མཚན་གང་ལ་ངའི་གཉིད་ཐེབས་ཆག་པའང་རྒྱ་མིའི་འཁོར་བའི་ནང་འཁྱམས་པས་རེད་བཞག རྒྱ་མིས་བོད་པ་ལ་འཁོར་བ་བཟོས་མེད་ན། ང་རྒྱ་གར་དུ་ཡོང་དོན་མེད་ལ། ངའི་ཁྱིམ་མཚེས་བཟའ་ཚང་གིས་ཀྱང་རྒྱ་མཚོའི་ཕ་རོལ་དང་ཚུ་རོལ་ནས་མཇེ་རྐུབ་བཙོང་དོན་མེད་ན། ངའི་མཚན་གང་གི་གཉིད་ཐེབས་ཆག་དོན་དེ་བས་ག་ལ་ཡོད། རྒྱ་མི་ཚོས་རྒྱ་མིའི་འཁོར་བ་འདི་བཟོས་མེད་ན་ང་རང་བོད་ན་ཡོད་སྲིད། ལུག་རྫི་ཞིག་ཡིན་སྲིད།
རྒྱ་མིའི་འཁོར་བའི་ནང་འཁྱམས་མེད་ན་ང་རང་ལུག་རྫི་ཞིག་ཡིན་སྲིད་པ་ལ་རྒྱུ་མཚན་ཡོད། ང་ཆུང་དུས་ཕ་ཡུལ་ན་ཡོད་སྐབས་ལུག་རྫི་ཞིག་ཡིན་མྱོང་། ང་ལུག་རྫི་ཡིན་དུས་ང་ཚོའི་ནང་གི་ར་ལུག་ཧ་ཅང་ཉུང་དུ་ཕྱིན་ཡོད་ཚུལ། ཡུལ་མི་ལང་ལིང་ཚོས་ངའི་ཨ་མཆོག་གི་འགྲམ་ནས་སྐད་ཆེན་པོ་བརྒྱབ་སྟེ་བཤད་པ་ངས་ཐོས་མྱོང་ཡོད། ཁོ་ཚོའི་བཤད་སྟངས་བྱས་ན། ངས་རི་རྩེ་མཐོན་པོ་ལ་ལུག་འདེད་དེ་ཕྱིན་རྗེས། ལུག་ཤ་ཤེད་སྐྱོ་བ་རྣམས་ས་ལ་རྒྱུ་བའི་སྤྱང་ཀི་ལ་སྦྱིན། ལུ་གུ་དང་རེའུ་མང་པོ་གནམ་ལ་འཕུར་བའི་གླག་རྒོད་ལ་སྦྱིན། ངས་རྗེས་ཟིན་མི་ཐུབ་པའི་ར་རྒོད་ལུག་རྒོད་རྣམས་ལ་འུར་རྡོ་གཞུས་ཏེ་མིག་བཏོན་པ་དང་རྐང་ལག་བཅག་པ་སོགས་བྱས་པས། ད་གཟོད་ང་ཚོའི་ཁྱིམ་ཚང་གི་ར་ལུག་གི་གྲངས་འབོར་ཉུང་དུ་ཕྱིན་པ་རེད་ཟེར། ཡུལ་མི་ལང་ལིང་ཚོས་ངའི་གཏོང་ཕོད་ལ་ཡིད་སྨོན་བྱེད་མི་ཤེས་པར་མ་ཟད། ངའི་འུར་རྡོ་འཕེན་རྩལ་ལའང་བསྔགས་བརྗོད་བྱེད་ཤེས་ཀྱིན་མི་འདུག དེ་ནི་ཁོ་ཚོ་ང་ལ་ཕྲག་དོག་ཟོས་པས་ཡིན་ངེས་རེད། བྱས་ན་ངས་ཀྱང་ཁོ་ཚོའི་བཤད་ཡམས་ལ་རྒྱབ་སྐྱོར་བྱེད་དོན་མེད། མ་གཞི་ཁོ་ཚོའི་བཤད་ཡམས་དེ་དག་ངས་རྫུན་དུ་བསྒྲུབ་ཐུབ་མེད་ཀྱང་། ངས་ཁོ་ཚོའི་བཤད་ཡམས་ལ་རྒྱབ་སྐྱོར་གཏན་ནས་མ་བྱས་པ་དེས། དགྲ་ཤ་ལེན་ཐུབ་པ་མཚོན་གྱིན་ཡོད།
ངས་ལང་ལིང་ཚོའི་སྐད་ཆར་རྒྱབ་སྐྱོར་མ་བྱས་པས། ལང་ལིང་ཚོས་ངའི་ཕ་མ་གཉིས་ཀྱི་ཀླད་པ་བཀྲུས། ཉིན་ཞིག་གི་དགོང་མོ་ངའི་ཨ་ཕས། “བྱུར་ཆེན་ཁྱོད་ལ་ལུག་རྫི་བྱེད་རྒྱུའི་གོ་སྐབས་བཟང་པོ་དེ་འདྲ་སྟེར་རུང་བ་མི་འདུག དེང་སང་ཧྲུ་ཅི་ལགས་ཀྱིས་སློབ་གྲྭ་ཟེར་བ་ཞིག་ལ་ཡོང་དགོས་པའི་ཁྲལ་འབེབས་ཀྱིན་འདུག་ན། ཁྱོས་ཁྲལ་འཇལ་བྱེད་ཙམ་ནི་གོ་ཆོད་སྲིད་པས། ངས་ཁྱོད་སློབ་གྲྭ་ཟེར་བའི་ཁང་པ་ནར་ནར་དེར་གཏོང་ངེས་ཡིན། འོན་ཀྱང་དང་ཐོག་ངས་ཁྱོད་དྲག་ཏུ་བརྡུང་དགོས་སོ། །”ཟེར་ནས་ཤུགས་གང་ཡོད་ཀྱིས་གནམ་ལ་འཕངས། ས་ལ་བརྡབས། རྔ་རྡུང་ཚུལ་ལྟར་བརྡུངས། མཇིམ་པ་གཉོག་ཚུལ་ལྟར་གཉགས། ཀོ་བ་མཉེ་ཚུལ་ལྟར་མཉེས་བྱུང་། ནམ་རྒྱུན་ངས་ཁང་པའི་ཕྱི་ལོགས་ནས་མ་གཏོགས་མཐོང་མ་མྱོང་བའི་སྐར་མ་ཁྲ་ཆེམ་ཆེམ་རྣམས་ཀྱང་དེ་དུས་མིག་ལམ་དུ་གསལ་ཐིང་ངེར་ཤར་། ངའི་ཨ་ཕས་ང་རང་ཀོ་བ་ལྟར་མཉེ་སྐབས། ངའི་ཁ་ནས་ཙེར་སྐད་ཨག་སྐད་མང་པོ་ཤོར་ཡོད་ཚུལ། ཕྱི་ཉིན་ཁྱིམ་མཚེས་ཚང་གི་བྱིས་པ་ཞིག་བརྒྱུད་ནས་ཧ་གོ་བྱུང་། ཁོས་བཤད་རྒྱུར། “ཁ་སང་ཁྱོད་ཚོའི་ནང་ནས་ཕག་པ་རྡུང་པ་ལྟ་བུའི་ཙེར་སྐད་མང་དུ་ཐོས་འོང་། ཁྱོད་ཀྱི་ཨ་ཕས་དེང་སང་ཕག་པ་གསོ་འགོ་བཙུགས་ཡོད་དམ།”ཞེས་ང་ལ་ཀྱག་ཀྱག་བྱས། ད་ལྟ་བསམས་ན། ཁ་སང་མཚན་ལ་ངས་གསང་སྤྱོད་ནང་ནས་གཟའ་འཛིང་ལ་ལྐོག་ཉན་བརྒྱབ་པ་ལྟར། དེ་དུས་ང་ཚོའི་ཁྱིམ་མཚེས་ཀྱི་ཕྲུ་གུ་ཚོས་ང་ཀོ་བ་ལྟར་མཉེས་པ་ལ་ལྐོག་ཉན་བརྒྱབ་ཡོད་པ་འདྲ། གཅིག་བྱས་ན། ང་ལྐོག་ཉན་ལ་མཁས་པ་འདི་ཁོ་ཚོའི་དྲིན་ཡིན་སྲིད།

གསལ་བཤད། ད་ནས་བཟུང་སྟེ་ལོ་བཅུ་ཙམ་རིང་ང་མ་ཤི་བའི་དབང་དུ་བཏང་ན། ངས་ཀློག་མཁན་གཏན་ནས་མི་རག་པའི་བོད་ཡིག་གི་སྒྲུང་རིང་ཐུང་མང་པོ་ཞིག་འབྲི་རྩིས་ཡོད་པ་ལས། གོང་གི་དེ་སྒྲུང་བྱེ་བྲག་པ་ཞིག་གི་འགོ་འཛུགས་སྟངས་ཙམ་ཡིན། འོན་ཀྱང་ངའི་རེ་བ་ནི་ལོ་བཅུ་ཙམ་ནང་ཤི་ཐུབ་རྒྱུ་དེ་ཡིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *