སྟོན་པར་རྗེས་དྲན་གསོལ་འདེབས།

རྩོམ་ཡིག་འདི་ཐེངས་ 32 བཀླགས་འདུག

སྟོན་མཆོག་ཐུགས་རྗེ་ཅན་རྗེས་སུ་དྲན་པའི་གསོལ་འདེབས་དད་པའི་སྒོ་འབྱེད་ཅེས་བྱ་བ།
ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ།
འཁོར་འདས་མཐའ་དག་གཟིགས་པའི་སྤྱན་ཞིག་ཡོད།།
དགྲ་གཉེན་རིས་སུ་གཅོད་པའི་ཕྱོགས་ཞེན་མེད།།
དེ་ཡི་དབང་གིས་ལྷ་མིའི་སྟོན་པར་གྱུར།།
འདྲེན་མཆོག་ཐུབ་པའི་དབང་པོར་གུས་ཕྱག་འཚལ།།

མཁའ་ལ་གཟའ་སྐར་གཡས་སུ་འཁོར་བ་དང་།།
ས་ལ་འབྲུ་དྲུག་སྙེ་མ་སྨིན་པ་ནས།།
ཉི་ཟླའི་འོད་ཀྱིས་མཛེས་པའི་འཇིག་རྟེན་འདིར།།
ལྷ་དང་དྲང་སྲོང་རིག་འཛིན་མང་ཞིག་བྱུང་།།

སྐལ་བཟང་ཟླ་བའི་འཕེལ་ཁ་འགྲིབ་པ་ལས།།
རྩོད་ལྡན་མུན་པའི་དུས་ལ་ཉེ་བ་ན།།
གནས་མཆོག་ལུམྦི་ནི་ཡི་སྐྱེད་ཚལ་དུ།།
དོན་ཀུན་གྲུབ་པའི་མེ་ཏོག་ཞིང་འདིར་འཁྲུངས།།

མཁའ་ལས་མ་བྱུང་སྤྲིན་ལས་མ་ཐོན་པའི།།
མྱོང་གྲོལ་དམ་ཆོས་བདུད་རྩིའི་ཆར་རྒྱུན་གྱིས།།
ལྷ་དང་ཀླུ་དང་གནོད་སྦྱིན་མི་དག་གི།
བསོད་ནམས་དགེ་བའི་ས་བོན་རྒྱས་པར་བྱས།།

མི་རིང་མི་ཐུང་དུས་སུ་བབས་པ་ན།།
དབྱར་ཁའི་འཇའ་ཚོན་མཁའ་ལ་ཡལ་བ་བཞིན།།
རྩྭ་མཆོག་གྲོང་གི་ཤིང་ལོའི་བསིལ་གྲིབ་ནས།།
མཚན་དཔེའི་སྐུ་ཡི་བཀོད་པ་དབྱིངས་སུ་བསྡུས།།

མཐོན་པོའི་ཉི་འོད་ས་ལ་མ་བབས་ན།།
འདབ་བརྒྱའི་མེ་ཏོག་སྨིན་པར་མི་ནུས་བཞིན།།
མགོན་ཁྱེད་དགའ་ལྡན་ལྷ་ཡི་ཕོ་བྲང་ནས།།
བྱང་ཆུབ་ཤིང་གི་རྒྱན་དུ་མ་ཕེབས་ན།།

མཁའ་ལ་འཕུར་བའི་དགྲ་བཅོམ་སྟོང་ཕྲག་མེད།།
ཚེ་ལ་དབང་བའི་གནས་བརྟན་བཅུ་དྲུག་མེད།།
བློ་ལས་འདས་པའི་ངོ་མཚར་མཛད་པ་མེད།།
སྟོན་མཆོག་ཁྱེད་ནི་འཇིག་རྟེན་འདི་ཡི་རྒྱན།།

དུས་བཟང་སྤྲིན་གྱི་རོལ་མོ་མ་གྲགས་ན།།
ཕུན་ཚོགས་དབྱར་གྱི་དགའ་སྟོན་མི་འབྱུང་བཞིན།།
གནས་མཆོག་བྱ་རྒོད་སྤུངས་འདྲའི་རི་རྩེ་ནས།།
རྟེན་འབྱུང་གཏམ་གྱི་ཆོས་སྒྲ་མ་བསྒྲགས་ན།།

འགྲོ་བ་སྐྱོབ་པའི་སེམས་དཔའ་མཆེད་བརྒྱད་མེད།།
འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་མེད།།
དེ་ཡི་ཡང་དག་རིགས་པའི་སྲོལ་བཟང་མེད།།
སྟོན་མཆོག་ཁྱེད་ནི་སྲིད་པ་གསུམ་གྱི་མིག།

གཅོང་རོང་དོག་མོའི་གསེབ་ལམ་མ་བསྟན་ན།།
གར་འགྲོའི་གནས་སུ་སླེབས་པར་དཀའ་བ་བཞིན།།
སྦས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས་ཁང་ནས།།
གསང་ཆེན་བསྟན་པའི་ལྐོག་ཆོས་མ་གནང་ན།།

འཕགས་པའི་ཡུལ་དུ་གྲུབ་ཆེན་བརྒྱད་ཅུ་མེད།།
དེ་ཡི་ངོ་མཚར་རྫུ་འཕྲུལ་གྲུབ་རྟགས་མེད།།
བྱིན་རླབས་ཅན་གྱི་གནས་ཡུལ་ཞིང་ཁམས་མེད།།
སྟོན་མཆོག་ཁྱེད་ནི་ལེགས་ཚོགས་བྱེ་བའི་གཏེར།།

རབ་དཀར་ཟླ་བས་ཤར་ནུབ་མ་བགྲོད་ན།།
གླིང་བཞིའི་མུན་པ་སེལ་བར་མི་ནུས་བཞིན།།
རྒྱུན་ཆད་མེད་པའི་རྟག་ཁྱབ་འཕྲིན་ལས་འོད།།
མཐའ་འཁོབ་ཡུལ་གྲུ་སོ་སོར་མ་འཕྲོས་ན།།

བསིལ་ལྡན་ལྗོངས་སུ་ལོ་པཎ་བྱོན་པ་མེད།།
གསུང་རབ་ཡི་གེ་གླེགས་བམ་མཐོང་རྒྱུ་མེད།།
བླང་དོར་གསལ་བའི་ལམ་གྱི་སྒྲོན་མེ་མེད།།
སྟོན་མཆོག་ཁྱེད་ནི་མཐའ་དག་འགྲོ་བའི་གཉེན།།

འབབ་པའི་ཆུ་རྐ་ཞིང་སར་མ་བཀྲམས་ན།།
སྟོན་ཁའི་སྙེ་མར་བཀྲག་མདངས་མེད་པ་བཞིན།།
ཐུབ་པའི་ཐུགས་ཀྱི་གསང་བ་ཟབ་མོ་ཡི།།
སྒྲུབ་བརྒྱུད་ཤིང་རྟའི་ཆོས་རྒྱུན་མ་དར་ན།།

འོད་ལུས་གྲུབ་པའི་རིག་འཛིན་འབུམ་ཕྲག་མེད།།
མི་ལ་རས་པ་མཁའ་ལ་འཕུར་བ་མེད།།
ཐང་སྟོང་རྒྱལ་པོ་ཆུ་སྟེང་བྱོན་པ་མེད།།
སྟོན་མཆོག་ཁྱེད་ནི་འཁོར་འདས་བར་གྱི་མགོན།།

ཞབས་སེན་འཁོར་ལོས་གནས་འདི་མ་བཅགས་ཀྱང་།།
སྐུ་ཡི་འོད་ཟེར་བྱང་དུ་འཕྲོས་པ་ལས།།
ཁ་བ་ཅན་དུ་ཐུབ་པའི་བསྟན་པ་ཡོད།།
ཕྱོགས་དང་ཕྱོགས་ན་མཆོག་གསུམ་སྣང་བ་ཡོད།།

ཐུགས་བསྐྱེད་སྨོན་པས་ཞིང་འདི་བཟུང་བ་ལས།།
བཤད་པའི་ཀ་ཆེན་བསླངས་པའི་ལོ་རྒྱུས་ཡོད།།
སྒྲུབ་པའི་རྒྱལ་མཚན་བཙུགས་པའི་རྣམ་ཐར་ཡོད།།
ཀུན་ཀྱི་སེམས་ན་དད་དང་སྙིང་རྗེ་ཡོད།།

དམ་ཆོས་བདུད་རྩིའི་རོ་བཅུད་མྱོང་བ་ལས།།
མཁའ་སྤྱོད་ཞིང་དུ་འཕུར་བའི་ཤུལ་ལམ་ཡོད།།
མཐོན་པོའི་ལྷ་དང་འགྲོགས་པའི་བདེན་དཔང་ཡོད།།
སྐྱེ་འཆིའི་འཇིགས་ལས་གྲོལ་བའི་མིག་དཔེ་ཡོད།།

ཁྱེད་གསུང་ཡང་དག་ཚད་མས་གྲུབ་པས་ན།།
འདྲ་མིན་རིགས་པས་བརྟགས་ཀྱང་ཁུངས་ཤིག་ཡོད།།
གསར་རྙིང་དུས་རབས་བརྗེས་ཀྱང་བདེན་ཞིག་ཡོད།།
རྗེས་འཇུག་ཡིད་རྟོན་ཁེལ་བའི་སྐྱབས་ཤིག་ཡོད།།

ཁབ་མིག་ལས་ཀྱང་དོག་པའི་བདག་འདྲའི་བློས།།
ཁྱོད་ཡོན་ནམ་མཁའི་གཏིང་མཐའ་མི་དཔོག་ཀྱང་།།
བསྟན་པ་འདི་ཡི་འཕྲིན་ལས་བསམས་པ་ན།།
སྟོན་པ་མཆོག་དེའི་ཆེ་བ་ཡང་ཡང་དྲན།།

སྐྱེ་བ་སྔ་ཕྱི་དེ་ཡི་རྟོགས་བརྗོད་ཀྱིས།།
ཡུན་ཐུང་རྨི་ལམ་འདྲ་བའི་མི་ཚེ་ལ།།
རྟག་འཛིན་ཞེན་པའི་སྤར་ཁ་མང་ཞིག་ལྷོད།།
ཡང་དག་ལམ་བཟང་གསལ་བའི་མགོན་ཁྱེད་དྲན།།

ལས་འབྲས་སྤང་བླང་དེ་ཡི་བདེན་གཏམ་གྱིས།།
སྲོག་གཅོད་རྐུ་འཕྲོག་སྡིག་གིས་འཚོ་བ་དག།
འཇིགས་རུང་གཡང་ལས་བཟློག་པའི་གྲངས་མི་ཟིན།།
ཐར་བའི་ལམ་དུ་འདྲེན་པའི་མགོན་ཁྱེད་དྲན།།

འདུས་བྱས་མི་རྟག་དེ་ཡི་ཆོས་སྒྲ་ཡིས།།
མཐོ་དམན་སྐྱེ་འགྲོའི་སྙིང་ལ་རབ་འབར་བའི།།
དཀའ་སྡུག་མེ་དཔུང་ཞི་བའི་མཐའ་མི་དཔོག།
སྡུག་བསྔལ་ནད་བརྒྱ་སེལ་བའི་མགོན་ཁྱེད་དྲན།།

བྱམས་དང་སྙིང་རྗེ་དེ་ཡི་གདམས་པ་ཡིས།།
ངམ་གནག་རལ་གྲི་རྣོན་པོའི་སོ་ཁ་ནས།།
ཉམ་ཐག་སེམས་ཅན་བསྐྱབས་པ་རྩིས་མི་ཐེབས།།
ལྷར་བཅས་འཇིག་རྟེན་ཀུན་གྱི་མགོན་ཁྱེད་དྲན།།

སྟོང་དང་རྟེན་འབྱུང་དེ་ཡི་ཆོས་འཁོར་གྱིས།།
ཤེས་བྱའི་ཡིན་ལུགས་འཚོལ་འདོད་མཐའ་དག་གི།
ཐེ་ཚོམ་རྨོངས་མུན་བསལ་བའི་ཚད་མི་ཟིན།།
གནས་ལུགས་ཇི་བཞིན་སྟོན་པའི་མགོན་ཁྱེད་དྲན།།

གཞན་ཕན་སེམས་ཀྱི་ས་བོན་ཆུང་ངུ་ཞིག།
བསྐལ་བ་དུ་མའི་ཡུན་དུ་སྐྱེད་བསྲིངས་པས།།
དོན་གཉིས་འབྲས་བཟང་སྐྱེ་དགུའི་དཔལ་དུ་སྨིན།།
སྟོན་མཆོག་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།།

ལེགས་བཤད་གཏམ་གྱི་ཚིག་གི་ཕྱེད་ཀ་རེ།།
ལུས་དང་སྲོག་གིས་མང་དུ་བླུས་པ་ལས།།
བློ་ལས་འདས་པའི་ཆོས་ཉིད་མངོན་དུ་གྱུར།།
སྟོན་མཆོག་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།།

འཇིག་རྟེན་འདི་ན་ལྷ་དང་དྲང་སྲོང་སོགས།།
ཆེ་དགུའི་གཙུག་གིས་བཏེགས་པ་མང་ན་ཡང་།།
བདེན་དོན་ཇི་བཞིན་གཟིགས་པ་ཁྱེད་ཉིད་ཙམ།།
སྟོན་མཆོག་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།།

སྲིད་པ་གསུམ་གྱི་བཙོན་ར་ཆེན་པོ་འདིའི།།
མཐོ་དམན་གང་དུ་ཕྱིན་ཀྱང་མ་ཐར་ཞིང་།།
ཐར་བའི་ཐབས་ཤེས་གཞན་ནས་མ་རྙེད་པར།།
སྟོན་མཆོག་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།།

གང་གསུང་ཆོས་ཀྱི་སྙིང་དོན་བསམས་པ་ན།།
འཁོར་བ་འདི་ནི་འཁྲུལ་བའི་རྨི་ལམ་ཞིག།
རྨི་ལམ་དེ་ལས་སད་རྒྱུ་ཡོད་པར་གོ།
སྟོན་མཆོག་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།།

ད་ནས་གང་སྣང་རྫུན་དུ་ངོ་ཤེས་ཏེ།།
བདེན་ཞེན་ཆུ་བོའི་འབབ་རྒྱུན་མི་མཐུད་པར།།
གང་གི་ཕེབས་ལམ་དཀར་པོ་ཟིན་པ་རུ།།
སྟོན་མཆོག་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།། 

འཁོར་འདས་བར་གྱི་ཡོལ་བ་སྲབ་མོ་ཡིས།།
མཁྱེན་པའི་སྤྱན་རས་སྒྲིབ་པ་མི་སྲིད་པས།།
གསོལ་འདེབས་རྗེས་སུ་འཇུག་པའི་སྐྱེ་འགྲོ་ཀུན།།
ཚད་མེད་བརྩེ་བས་ད་དུང་རྗེས་བཟུང་ཞིང་།།

མཆོག་གསུམ་སྣང་བའི་འོད་ཀྱིས་མཛེས་པ་ཡི།།
དྲི་མེད་རྒྱལ་བསྟན་འདོད་འབྱུང་ཡིད་བཞིན་ནོར།།
གངས་ལྗོངས་འགྲོ་བའི་སེམས་ཀྱི་སྒྲོན་མེ་རུ།།
མི་ནུབ་ཡུན་ནས་ཡུན་ཏུ་གནས་པར་ཤོག།

བདག་ཀྱང་ད་ནས་སྐྱེ་བ་ཐམས་ཅད་དུ།།
ཐུབ་བསྟན་མདོ་དང་སྔགས་ཀྱི་ཆོས་ཚུལ་ཀུན།།
ཕྱོགས་བཅུའི་ཞིང་དུ་ཡོངས་སུ་སྤེལ་བ་ལ།།
འཇམ་དཔལ་དཔའ་བོའི་སྙིང་སྟོབས་ཐོབ་པར་ཤོག།
ཅེས་པ་འདིའང་སྟོན་མཆོག་ཐུགས་རྗེ་ཅན་འཇིག་རྟེན་གྱི་ཁམས་འདིར་སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་རྣམས་ཟླ་བ་གཅིག་ཏུ་འགྲིགས་པ་ས་ག་ཟླ་བའི་དུས་ཆེན་གྱི་རྗེས་དྲན་ལ་གསོལ་འདེབས་ཤིག་དགོས་ཞེས་སྔ་ཕྱིར་ཆོས་ཀྱི་མཆེད་པོ་འགའ་དང་བླ་རུང་དཀར་ཟས་ཚོགས་པའི་དབུ་འཛིན་པ་དག་གིས་བསྐུལ་བ་དང་། རང་གིས་ཀྱང་ཚོགས་རྫོགས་སྒྲིབ་པ་དག་ཅིང་སྐྱེ་བའི་ཕྲེང་བར་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་བའི་རྟེན་འབྱུང་དགེ་བའི་མཐུན་རྐྱེན་དུ་དམིགས་ཏེ། མདོ་རྡོ་རྗེ་བྲག་ཏུ་བོད་མེ་རྟ་ལོའི་ཟླ་༣པའི་ཚེས་༢༥ ལ་གསེར་ལྗོངས་བླ་མ་རུང་གི་དཔོན་སློབ་འདུས་པ་རྒྱ་མཚོའི་སྐྱབས་འོག་པ་འཆི་མེད་རིག་འཛིན་གྱིས་སྨྲས་པ་བཞིན་སྦྱིན་པ་བཀྲ་ཤིས་ཀྱིས་ཡི་གེར་ཕབ་པ་དགེའོ།།  །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *